ཟླ་4ཚེས་24ཉིན། མལ་གྲོ་གུང་དཀར་རྫོང་གི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་ཡིད་རྟོན་དངུལ་བུན་གྱི་དངུལ་འབོར་སྤོར་བར་གན་རྒྱ་འཇོག་པའི་མཛད་སྒོ་འཚོགས་པ་རེད།
མཛད་སྒོའི་ཐོག མལ་གྲོ་གུང་དཀར་རྫོང་ཞིང་ལས་གྲོང་གསེབ་ཅུས་དང་། ཞིང་ལས་དངུལ་ཁང་ལྷ་ས་ཡན་ལག་དངུལ་ཁང་དང་མལ་གྲོ་གུང་དཀར་རྫོང་ཉིང་ལག་དངུལ་ཁང་སོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཉེ་ཆར“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་འཛུགས་སྐྲུན་རྣམ་གྲངས་ལག་ལེན་བསྟར་བའི་ཞིང་འབྲོག་དུད་ཚང་24ལ་དངུལ་བུན་སྒོར་ཁྲི་100ལྷག་ཙམ་སྤྲད་པས། ཁོང་ཚོའི་མ་དངུལ་ཁ་ཐང་བའི་དགོས་མཁོ་བསྐངས་པ་རེད།
འཕྲིན་ལས་ཚེ་དབང་ནི་མལ་གྲོ་གུང་དཀར་རྫོང་གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་གྲོང་མི་ཡིན་པ་དང་། ཉེ་དུས་ཁོང་གིས་ཁང་པ་ཉིས་ཐོག་ཅིག་རྒྱག་བཞིན་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། ཁང་པ་འདི་ནི“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་འཛུགས་སྐྲུན་རྣམ་གྲངས་ཀྱི་གྲས་ཤིག་རེད། མིག་སྔར། འཕྲིན་ལས་ཚེ་དབང་ཡོད་སའི་དག་པ་གྲོང་ཚོའི་དུད་ཚང་52རྣམ་གྲངས་འདིའི་ནང་ཞུགས་པ་དང་། འཆར་གཞི་ལྟར་ན། འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་རྣམ་གྲངས་འདི་དག་ལེགས་གྲུབ་ཟིན་ནས་གྲོང་མི་རྣམས་སྡོད་ཁང་གསར་པའི་ནང་སྤོ་ཐུབ་ཀྱི་ཡོད་པ་རེད།
གུང་དཀར་གྲོང་རྡལ་དག་པ་གྲོང་ཚོའི་གྲོང་མི་འཕྲིན་ལས་ཚེ་དབང་གིས་བརྗོད་དོན།
ཁང་པ་འདིའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་150ཡོད་པ་དང་ཁྱོན་མ་དངུལ་སྒོར་ཁྲི་30བཏང་བ་ལས་སྲིད་གཞུང་གིས་སྒོར་ཁྲི་20སྤྲད་པ་དང་རང་སོ་སོས་སྒོར་ཁྲི་9ལྷག་བཏོན་པ་ཚང་མ་ཞིང་ལས་དངུལ་ཁང་ནས་གཡར་བའི་དངུལ་བུན་ཡིན་པ་དང་། དངུལ་བུན་འདི་ལོ་ལྔའི་ནང་འཇལ་ཐུབ་ན་འགྲིག་གི་ཡོད།
མིག་སྔའི་བར། ཞིང་ལས་དངུལ་ཁང་མལ་གྲོ་གུང་དཀར་རྫོང་ཡན་ལག་དངུལ་ཁང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་དངུལ་བུན་ཁག་151གཡར་བར་ཁྱོན་སྒོར་ཁྲི་1300ལྷག་ཙམ་ཟིན་གྱི་ཡོད།