ཉེ་ཆར། ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོ་པ་རྩ་ཚོགས་ཆུང་གིས“བསྒྱུར་བ་གསུམ”གྱི་སྒྱུར་བཅོས་དང་ཚད་ལྡན་ཅན་གྱིས་ནས་འདེབས་འཛུགས་རྣམ་གྲངས་ཀྱི་ཁེ་སྤོགས་བགོ་བའི་ཚོགས་ཆེན་འཚོགས་ནས། ཚོགས་ཆུང་ཡོངས་ཀྱི་མ་རྐང་ཉོ་མཁན་དུད་ཚང་56ལ་ཁེ་སྤོགས་སྒོར་ཁྲི་44ལྷག་ཙམ་བགོ་བཤའ་བརྒྱབ་སྟེ་རྒྱ་ཆེའི་ཞིང་པ་ཚོས་གྲོང་གསེབ་དར་རྒྱས་ཀྱི“བསྒྱུར་བ་གསུམ”གྱི་སྒྱུར་བཅོས་གྲུབ་འབྲས་ལོངས་སྤྱོད་ཐུབ་པར་བྱས་པ་རེད།
གྲོང་གསེབ་ཀྱི“ཐོན་ཁུངས་རྒྱུ་ནོར་དུ་བསྒྱུར་བ་དང་། མ་དངུལ་རྐང་དངུལ་དུ་བསྒྱུར་བ། ཁོངས་མི་རྐང་བདག་ཏུ་བསྒྱུར་བ”(གཤམ་དུ“བསྒྱུར་བ་གསུམ་”ཞེས་བསྡུ་རྒྱུ)སྒྱུར་བཅོས་ཚོད་ལྟའི་ལས་ཀ་ལེགས་སྒྲུབ་ཏན་ཏིག་བྱེད་ཆེད། གྲོང་གསེབ་ཀྱི“བསྒྱུར་བ་གསུམ”གྱིས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བའི་ཐབས་ལམ་གསར་པར་འཚོལ་ཞིབ་ཧུར་ཐག་བྱས་ཡོད། རྫོང་ཡོངས་ཀྱི་ཚོད་ལྟའི་གྲོང་ཚོ་ཞིག་ཡིན་པའི་ངོས་ནས་ལྷུན་གྲུབ་རྫོང་མཚོ་སྟོད་གྲོང་ཚོས“བསྒྱུར་བ་གསུམ”གྱི་སྒྱུར་བཅོས་ལས་དོན་སྤེལ་ཚུན། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་བཏང་བ་དང་རྒྱ་ཆེའི་མང་ཚོགས་ཐུན་མོང་ཐོག་ཕྱུག་པོ་ཆགས་པར་སྐུལ་འདེད་བཏང་ཡོད།
མཚོ་སྟོད་གྲོང་ཚོའི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཚོས“བསྒྱུར་བ་གསུམ”གྱི་སྒྱུར་བཅོས་ལས་དོན་སྤེལ་ཚུན“ཏང་རྩ་འཛུགས་ཀྱིས་འགན་འཁྲི་གཙོ་བོ་འཁུར་བ་དང་། ཧྲུའུ་ཅིས་གཙོ་བོ་དམ་འཛིན་བྱེད་པ། ཏང་ཡོན་གཙོ་བོ་ཡིན་པ། མང་ཚོགས་བྱེད་པོ་ཡིན་པ”བཅས་ཀྱི་སྒྱུར་བཅོས་ལས་དོན་གྱི་ལམ་སྲོལ་གཞིར་བཟུང་། ཏང་ཡོན་དང་མང་ཚོགས་ལ་གྲོང་ཚོའི་ལེགས་ཆར་དབྱེ་ཞིབ་དང་། ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་སྔོག་འདོན། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཐུན་མོང་ངོས་འཛིན་གཅིག་ཏུ་འགྲིལ་བར་ཁྲིད་སྟོན་བྱས་ནས། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཡང་དག་འཚོལ་ཞིབ་བྱས་པ་དང་། དྲིལ་བསྒྲགས་དང་སྐུལ་སློང་རྒྱ་ཁྱབ་དང་ལག་བསྟར་ཧུར་ཐག་བྱེད་པའི་རྨང་གཞིའི་ཐོག་མ་རྐང་དཔལ་འབྱོར་མཉམ་ལས་མཉམ་འབྲེལ་ཁང་བཙུགས་པ། “ཤང་ཏང་ཨུད་ཀྱིས་ཁ་ཕྱོགས་སྟངས་འཛིན་དང་། ཤང་སྲིད་གཞུང་གིས་མཐུན་སྦྱོར་བྱེད་པ། རྐང་བདག་ཚོགས་ཆེན་ཐོག་ཐབས་ཇུས་འགོད་པ། དཔལ་འབྱོར་རྩ་འཛུགས་ཀྱིས་དོན་འཁྱོལ་ལ་དམ་འཛིན་བྱེད་པ། གྲོང་མིའི་ཚོགས་ཆུང་གིས་དོ་དམ་ལ་སྣང་ཆེན་བྱེད་པ། ལྟ་ཞིབ་ལྷན་ཚོགས་ཀྱིས་ལྟ་སྐུལ་ཤུགས་ཆེན་བྱེད་པ”བཅས་ཀྱི་རྣམ་གྲངས་གཉེར་སྐྱོང་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱས་པ། ཆེད་ལས་ལག་རྩལ་མི་སྣས་ཡུག་ཁུལ་འགན་གཙང་བླངས་པའི་འགན་འཁྲིའི་ལམ་ལུགས་ལག་བསྟར་བཅས་བྱས་ཡོད།
ད་ཐེངས་ཁེ་སྤོགས་བགོ་བའི་རྣམ་གྲངས་ཀྱི་མ་དངུལ་ཡོང་ཁུངས་ནི་མཚོ་སྟོད་གྲོང་ཚོའི་པ་རྩ་ཚོགས་ཆུང་གིས་བཏབ་པའི་ནས་མུའུ་548ལས་བྱུང་བ་དང་། 2022ལོར་པ་རྩ་ཚོགས་ཆུང་གི་ནས་ཐོན་ཚད་ཏུན་120ཟིན་པ་དང་། སོག་མ་དང་གཟན་རྩྭ་ཏུན་180ཐོན་ནས་ཡོང་འབབ་བསྡོམས་འབོར་སྒོར་604519བྱུང་ཡོད། མུའུ་རེ་ནས་དངུལ་སྨར་སྒོར་725བགོ་བཤའ་བརྒྱབ་པ་དང་། དུད་ཚང་རེར་སོག་མ་རྒྱ་མ་6428བགོ་བཤའ་བརྒྱབ་པ་རེད།