དབུ་ཤོག>ཞིང་འབྲོག་གསར་པ།
  • མཛེས་སྡུག་ལྡན་པའི་གྲོང་གསེབ་བསྐྲུན། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བཏོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-28

    ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ལྕང་ར་ཤར་གྲོང་ཚོར་གྲོང་མི་བུ་བཟང་ཁྱིམ་གྱི་གསར་དུ་བསྐྲུན་པའི་སྡོད་ཁང་མངོན་གསལ་དོད་པོ་ཡོད་ཅིང་། རྒྱ་ཁྱོན་སྨི་ངོས་གྲུ་194ཟིན་པའི་ཨར་འདམ་ལྕགས་རྩིབས་ཀྱི་ཁང་པ་ཆུང་ཆུང་དེ་རྒྱ་ཆེ་ལ་དཀར་ཆ་དོད་པ་ཞིག་ཡོད། སྡོད་ཁང་གསར་པར་འགྲོ་སོང་སྒོར་ཁྲི་38.8ཕྱིན་སོང་། དེའི་ནང་སྲིད་གཞུང་གིས་སྒོར་ཁྲི་21ཁ་གསབ་བྱས་པ་དང་། སྒོར་ཁྲི་17.8རང་གྲབས་བྱས་པའི་ནང་སྒོར་ཁྲི་6.3ཞིང་པའི་གྲངས་ཉུང་སྐྱེད་གསབ་དངུལ་བུན་རེ་ཞུ་བྱས་པ་ཡིན་པས། ངའི་ཁུར་པོ་ཡང་དུ་ཞེ་དྲག་ཕྱིན་སོང་ཞེས་བུ་བཟང་གིས་དགོད་འཚེར་འཚེར་ངང་གསར་འགོད་པར་བཤད་བྱུང་།

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2021ལོར་ལྷུན་གྲུབ་རྫོང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སྐྲུན་འགོ་ཚུགས་པ་དང་། ལྕང་ར་ཤར་གྲོང་ཚོ་འདི་ཉིད་ལྷ་ས་གྲོང་ཁྱེར་གྱི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཞེས་པའི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་གྱི་ཁག་གཉིས་པའི་ལྷུན་གྲུབ་རྫོང་གི་གྲོང་ཚོ་8ཀྱི་གྲས་ཤིག་ཡིན་པའི་ངོས་ནས། 2021ལོའི་ལོ་སྨད་དུ“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”སྐྲུན་འགོ་ཚུགས་པའི་ནང་སྡོད་ཁང་འཛུགས་སྐྲུན་དང་། སྡོད་མལ་ཁོར་ཡུག་བཅོས་སྒྲིག སྒྱུར་བཀོད་ལྔའི་ལས་གྲྭ་སོགས་ཚུད་ཡོད། མིག་སྔའི་བར་ལྕང་ར་ཤར་གྲོང་ཚོའི་མང་ཚོགས་དུད་ཚང་77མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི་སྡོད་ཁང་འཛུགས་སྐྲུན་ནང་ཞུགས་ཡོད་པ་དང་། རྣམ་གྲངས་ཁག་གཉིས་སུ་བགོས་ནས་འཛུགས་སྐྲུན་བྱས་ཤིང་། ཁག་དང་པོའི་དུད་ཚང་64གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་པ་དང་། ཁག་གཉིས་པའི་དུད་ཚང་3གྱི་ལས་གྲྭ་གཙོ་བོ་བསྐྲུན་ཟིན་པ། དེ་བྱིངས་ཀྱི་དུད་ཚང་10འདི་ལོ་བསྐྲུན་རྒྱུ་ཡིན་པ་རེད།

    《ལྷུན་གྲུབ་རྫོང་གི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱ་སྤྱོད་འཆར་གཞི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞིའི》བླང་བྱ་ལྟར། གྲོང་གསེབ་ཀྱི་ལས་བྱེད་པས་སྡོད་ཁང་གསར་པ་རྒྱག་སྟངས་དང་། སྡོད་ཁང་གི་རྒྱ་ཁྱོན་ཚད་གཞི། སྒྱུར་བཀོད་ལྔའི་ནང་དོན་བཅས་དུད་ཚང་དུ་གཏན་འཁེལ་ཡང་ཡང་བྱས་པ་མ་ཟད། ཁང་བདག་གིས་གཞི་རྩའི་ཆ་འཕྲིན་རེའུ་མིག་དང་། རེ་ཞུའི་ཡི་གེ འགན་ལེན་ཡི་གེ ཁས་ལེན་ཡི་གེ་སོགས་དཔྱད་ཡིག་སྣ་ཚོགས་བཞག་ནས་རྣམ་གྲངས་སྐྲུན་འགོ་འཛུགས་རྒྱུ་ལས་བྱེད་པས་གསལ་པོ་ཤེས་པ་དང་། མང་ཚོགས་ཀྱིས་གསལ་པོ་ཤེས་པ། རྩིས་ཁྲ་ཁུངས་བཙན་ཡོད་པ་བཅས་ཀྱི་འགན་ལེན་བྱས་ཡོད་། དེ་དང་ཆབས་ཅིག་ལྷུན་གྲུབ་རྫོང་ཨུད་ཀྱི་ཧྲུའུ་ཅི་དང་། རྫོང་དཔོན། ཤང་འགན་གཙང་ལེན་མཁན་འགོ་ཁྲིད་སོགས་རྫོང་རིམ་པའི་འགོ་ཁྲིད་ཀྱིས་ལྕང་ར་ཤར་གྲོང་ཚོར་རྣམ་གྲངས་སྒྲོག་འགྲེལ་བྱེད་པར་ཐེངས་མང་བསྐྱོད་ནས་ས་གནས་ས་ཐོག་ཏུ་མང་ཚོགས་ཀྱི་དོགས་གནད་བསལ་ཏེ་མང་ཚོགས་བློ་བདེ་པོ་ཡོང་བར་བྱས་པ་རེད།

    ཤང་དང་གྲོང་ཚོ་རིམ་གཉིས་ཀྱིས་སྒྲོག་འགྲེལ་ཚོགས་ཆེན་སྣ་ཚོགས་འཚོགས་ནས་མང་ཚོགས་ཀྱིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལས་དོན་ཤེས་རྟོགས་ཐུབ་ཚད་ཆེས་ཆེར་མཐོ་རུ་བཏང་ཡོད། བུ་བཟང་གིས་ཀྱང་འབྲེལ་ཡོད་སྲིད་ཇུས་ཤེས་རྟོགས་ཞིབ་ཕྲ་བྱས་རྗེས་རང་འགུལ་ངང་ཞུ་ཡིག་ཕུལ་བ་དང་སྦྲགས་འགན་ལེན་ཡི་གེ་དང་ཁས་ལེན་ཡི་གེ་སོགས་དཔྱད་ཡིག་ལ་མིང་རྟགས་བཀོད་ནས་ད་ཆའི་ཁང་པ་གསར་པ་བརྒྱབ་པ་རེད།

    གཞན་ཡང་། 《ལྷུན་གྲུབ་རྫོང་གི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་སྐྱིད་ལྡན་པའི་ཁྱིམ་གཞིས”ཀྱི་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱ་སྤྱོད་འཆར་གཞི་གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བའི་ལས་ཀའི་ཇུས་གཞིའི》བླང་བྱ་གཞིར་བཟུང་། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་ལྕང་ར་ཤར་གྲོང་ཚོས་གྲོང་ཚོའི་འཕྲུལ་ཆས་དང་རླངས་འཁོར་སྔོན་ལ་སྤྱད་པ་རེད། མིག་སྔའི་བར་ལྕང་ར་ཤར་གྲོང་ཚོའི་མང་ཚོགས་70ལྷག་ཙམ་དང་། རྐོ་འདྲུའི་འཕྲུལ་འཁོར་4 ས་འདེད་འཕྲུལ་འཁོར་3 ས་དབོར་རླངས་འཁོར་40ལྷག་ཙམ་བཅས་འཛུགས་སྐྲུན་ནང་ཞུགས་ནས་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་400ལྷག་ཙམ་བྱུང་ཡོད། “དེ་སྔ་ང་ཚོ་རང་ཉིད་ཀྱིས་ལས་ཀ་འཚོལ་སྐབས་དུས་ཡུན་རིང་པོར་དཀའ་ལས་ཆེན་པོ་བརྒྱབ་ཀྱང་ཡོང་འབབ་དེ་ཙམ་རག་གི་མེད། ད་ཆ་སྲིད་གཞུང་གིས་ང་ཚོར་གོ་སྐབས་ཡག་པོ་དེ་འདྲ་མཁོ་འདོན་བྱས་པས་རང་ཉིད་ཀྱི་སྒོ་འགྲམ་དུ་ལས་ཀ་རག་པ་མ་ཟད། ད་དུང་ཡོང་འབབ་ཀྱང་ཧ་ཅང་མང་པོ་འདུག”ཅེས་ལྕང་ར་ཤར་གྲོང་ཚོའི་གྲོང་མི་ཕུར་བུས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།