དབུ་ཤོག>ཞིང་འབྲོག་གསར་པ།
  • ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་པིར་རྩལ་གྱི་ཉམས་འགྱུར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-17
    • སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ“དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་བཏོན་ཡོད་པས། རང་ལྗོངས་ཀྱིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། མདུན་སྐྱོད་ཀྱི་ཁ་ཕྱོགས་ཀྱང་གསལ་པོ་བསྟན་ཡོད། དོན་དངོས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་ཇི་ལྟར་གཏོང་དགོས་སམ་ཞེ་ན། གནད་དོན་འདིར་དམིགས་ནས་གསར་འགོད་པ་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་སུ་བཅར་འདྲིར་བསྐྱོད་པ་ཡིན།

      “2022ལོའི་ཟླ་11ཚེས་21ཉིན་རིག་གནས་དང་ཡུལ་སྐོར་པུའི་སྤྱི་པའི་ཞབས་འདེགས་སིས‘ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ’གཏོད་པའི་དཔེ་མཚོན་རྣམ་གྲངས་ཀྱི་མིང་ཐོ་ཡོངས་བསྒྲགས་བྱས་ཏེ། 《ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀྱིས་པིར་རྩལ་གྱི་ཉམས་འགྱུར་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ》རྣམ་གྲངས་དེའི་ནང་དུ་ཚུད་པ་རེད། རྣམ་གྲངས་དེ་ནི་ང་ཚོ་ཁ་རུབ་ཆུས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་ཐུབ་པར་སྐུལ་འདེད་གཏོང་བའི་བྱ་ཐབས་གཅིག་རེད”ཅེས་ཁ་རུབ་ཆུས་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཟླ་བ་ལྷ་མོས་གསར་འགོད་པར་བཤད།“པིར་རྩལ་གྱི་ཉམས་འགྱུར་ཞེས་པ་དེ་ཐང་གའི་འབྲི་རྩལ་གྱི་ཉམས་འགྱུར་ལ་བརྗོད་ཅིང་། དེ་ལས་ཐང་ག་བཞེངས་མཁན་གྱི་ཁྱད་དུ་འཕགས་པའི་སྒྱུ་རྩལ་ལག་རྩལ་མངོན་ཡོད། བོད་རིགས་ཀྱི་རིག་གནས་ཀྱི་ཁྱད་ཆོས་དང་སྒྱུ་རྩལ་གྱི་རྣམ་པ་ཟབ་མོ་ལྡན་པའི་ཐང་ག་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་པ་རེད། ཁ་རུབ་ཆུས་ཀྱི་རྒྱུད་དུ་གཙོ་བོ་ཀརྨ་སྒར་དང་ཁམས་སྨན་གསར་ལུགས་ཀྱི་འབྲི་རྩལ་དར་ཁྱབ་ཆེ་བ་དང་ལུགས་དེ་གཉིས་སྔ་རྗེས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ནང་བཅུག་ཡོད”ཅེས་ཁ་རུབ་ཆུས་རིག་གནས་ཅུས་ཀྱི་ཅུས་ཀྲང་བདེ་ཆེན་དཔའ་མོས་ངོ་སྤྲོད་བྱས་བྱུང་།

      ཉེ་བའི་ལོ་ཤས་རིང་། ཁ་རུབ་ཆུས་ཀྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་རིག་གནས་ཀྱིས་ཁྲིད་སྟོན་དང་། ཐོན་ལས་ཀྱིས་སྣེ་ཁྲིད། ཞིང་པས་གཙོ་བོ་བྱེད་པ། ཕྱོགས་མང་ཞུགས་པ། སྲིད་གཞུང་གིས་ཁྲིད་སྟོན། ཁྲོམ་རའི་འཁོར་སྐྱོད་བཅས་མཐའ་འཁྱོངས་བྱས་པས། ཐང་གའི་ཕུལ་བྱུང་སྲོལ་རྒྱུན་སྒྱུ་རྩལ་རྒྱུན་འཛིན་ཐུབ་པ་མ་ཟད། རི་གྲོང་ནས་ཕྱིར་བསྐྱོད་དེ་ས་གནས་དེ་གའི་མང་ཚོགས་ལ་ཕྱུག་འགྱུར་གྱི་ལམ་བུ་བཏོད་ཡོད།

      “ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ཡུལ”ཞེས་སུ་གྲགས་པའི་ཁ་རུབ་ཆུས་ཀརྨ་ཤང་དུ་ཀརྨ་བདེ་ལེགས་སུ་ཡིན་མིན་སྐད་ཆ་དྲིས་ན་ངོ་མི་ཤེས་མཁན་གཅིག་ཀྱང་མེད། ཁོང་ནི་བོད་རང་སྐྱོང་ལྗོངས་བཟོ་རྩལ་མཛེས་རྩལ་གྱི་སློབ་དཔོན་དང་ཀརྨ་སྒར་བྲིས་ལུགས་ཀྱི་མི་རབས་བཅུ་པའི་ཕུལ་བྱུང་རྒྱུན་འཛིན་པ་རེད། ཁོང་ཐང་ག་བཞེངས་ནས་ལོ་70ལྷག་ཙམ་སོང་ཡོད་ལ་དགེ་ཕྲུག་མང་པོ་ཞིག་བསྡུས་ཡོད། ཁོང་གི་སྣེ་ཁྲིད་འོག་ཉེ་འཁོར་གྱི་ཞིང་འབྲོག་པ་ཚོས་ཐང་ག་བཞེངས་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བཞིན་ཡོད་ལ། ཁོང་གི་དགེ་ཕྲུག་ཉི་མ་ལྷུན་གྲུབ་ནི་དེའི་ཁྲོད་ཀྱི་གཅིག་རེད།

      ཁ་རུབ་ཆུས་སེང་གེ་གྲོང་ཚོའི་དམངས་ཕན་ཐང་གའི་སྒྱུ་རྩལ་འཕེལ་རྒྱས་ཚད་ཡོད་ཀུང་སི་ནས་གསར་འགོད་པར་ཀུང་སིའི་འགན་འཁུར་བ་ཉི་མ་ལྷུན་གྲུབ་འཕྲད་བྱུང་། འདི་ལོ་ལོ་28ལ་སླེབས་པའི་ཁོང་གིས་ཐང་ག་བཞེངས་ནས་ལོ་16སོང་བ་དང་། ད་ཆ་དགེ་ཕྲུག་300ལྷག་ཙམ་ཡོད་ལ། ཐང་ག་བཞེངས་སྟངས་རྒྱུན་འཛིན་ཐུབ་པ་དང་ཆབས་ཅིག ན་གཞོན་དེ་བས་མང་བ་ལས་ཞུཌ་ཐུབ་པར་བྱས་ཡོད།

      “ད་ཆ་ཀུང་སིར་དགེ་ཕྲུག་60ཙམ་ཡོད། ང་ཚོས་ཀརྨ་སྒར་བྲིས་ལུགས་ཀྱི་འབྲི་རྩལ་གྱི་རྨང་གཞིའི་ཐོག་རང་རྒྱལ་གྱི་སྲོལ་རྒྱུན་རི་མོའི་ཁྱད་ཆོས་མཉམ་འདྲེས་བྱས་ནས་དེང་རབས་རི་མོའི་སྒྱུ་རྩལ་གྱི་རྣམ་པ་མངོན་པར་བྱས་པས། གནའ་བོའི་ཐང་གའི་སྒྱུ་རྩལ་དེ་བས་གསར་གཏོད་འཕེལ་རྒྱས་བྱུང་ཡོད”ཉི་མ་ལྷུན་གྲུབ་ཀྱིས་ཀུང་སིས་ད་དུང་ཡིག་གཟུགས་དང་། རྡོ་བརྐོས། ཤིང་བརྐོས་སོགས་ཀྱི་སློབ་ཚན་བཀོད་སྒྲིག་བྱས་ནས་དགེ་ཕྲུག་དེ་བས་མང་བས་རང་རྟེན་ལས་གཏོད་ཐུབ་པར་ལྕག་སྐུལ་བྱས་ཡོད་ཅེས་བཤད།

      ཁ་རུབ་ཆུས་ཁྲེང་ཀོན་གྲོང་རྡལ་ཐང་སྐྱ་ཁྲོམ་གཞུང་གི་སྒོ་རྟགས་273ནང་ཁྱིམ་ཚང་གི་འཁོར་ཁང་རྣམ་པའི་ཁམས་སྨན་གསར་ལུགས་ཀྱི་ཐང་ག་བཞེངས་ས་ཞིག་ཡོད། ཁམས་སྨན་གསར་ཐང་གའི་རྒྱུན་འཛིན་པའི་མི་རབས་བདུན་པ་ཆོས་སྐྱོང་ཚེ་རིང་གིས་ཁམས་སྨན་གསར་ལུགས་ཀྱི་ཐང་ག་བཞེངས་རྩལ་ལ་བརྟེན་ནས་ཡུལ་མི་ཕྱུག་པོ་ཆགས་པར་སྣེ་ཁྲིད་བྱས་ཤིང་། 2015ལོར་ཁོང་གིས་ཁམས་སྨན་གསར་ལུགས་ཀྱི་ཐང་ག་བཞེངས་ས་བཙུགས་ནས་མི་རིགས་ཀྱི་སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དེ་བས་ཁྱབ་གདལ་དང་འཕེལ་རྒྱས་བཏང་བ་རེད།

      ལོ་40ལྷག་ཙམ་རིང་ཆོས་སྐྱོང་ཚེ་རིང་གིས་ཁྱིམ་ཚང་དབུལ་པོའི་བུ་ཕྲུག་དང་དབང་པོ་སྐྱོན་ཅན་200ལྷག་ཙམ་ལ་སློབ་ཡོན་མི་དགོས་པར་ཐང་ག་འབྲི་རྩལ་དང་སྐུ་བཞེངས་སྟངས་བསླབས། “འདི་ནས་ཐང་ག་བཞེངས་སྟངས་སྦྱོང་ཐུབ་པ་དང་སློབ་མར་ཟ་སྡོད་ཀྱང་ཐག་གཅོད་བྱེད་ཀྱི་ཡོད་ལ། ད་དུང་ཤང་དང་གྲོང་རྡལ་དབུལ་པོའི་ལས་མེད་གཞོན་ནུར་སློབ་ཡོན་མི་དགོས་པར་རྩལ་ནུས་གསོ་སྦྱོང་བྱས་པས། གཞོན་ནུ་དེ་བས་མང་བས་མི་ཚེའི་རིན་ཐང་མངོན་འགྱུར་ཐུབ་ཡོད”ཅེས་བཤད། ཤེས་རབ་སེང་གེ་ནི་ཐང་ག་བཞེངས་མཁན་སློབ་མ་ཞིག་ཡིན་པ་དང་ཉིན་ལྟར་འཚོ་བའི་ཁ་གསབ་སྒོར་500ལེན་རྒྱུ་ཡོད་པས་ཁྱིམ་ཚང་གི་འཚོ་བའི་ཆ་རྐྱེན་ལེགས་སུ་ཕྱིན་ཡོད།

      ད་ཆ་ཐང་ག་བཞེངས་ཁང་གི་ལོའི་ཐོན་རྫས་རིན་ཐང་སྤྱིའི་ཆ་ནས་སྒོར་ཁྲི་200ནས་ཁྲི་300བར་ཟིན་ཞིང་། ཆོས་སྐྱོང་ཚེ་རིང་གིས་རིག་གནས་ཐོན་ལས་ཀྱི་འདུ་ཤེས་རང་ཉིད་ཀྱི་སློབ་མར་བརྒྱུད་ཁྲིད་བྱས་ཏེ་ཆ་རྐྱེན་འཛོམས་པའི་སློབ་མས་རང་རྟེན་ལས་གཏོད་བྱེད་པར་སྐུལ་ལྕག་བྱེད་པ་མ་ཟད། མ་དངུལ་དང་ཐོན་ཁུངས་ནས་རོགས་རམ་ཡང་བྱེད་ཀྱི་ཡོད། སྦྱངས་པ་ཐོན་པའི་སློབ་མས་ཀྱང་དགེ་ཕྲུག་གསར་པ་བསྡུས་ཏེ་རིག་གནས་བརྒྱུད་རོགས་ཁྲིད་གསུམ་གྱི་ཕྱུག་འགྱུར་ལམ་བུ་ཇེ་ཡངས་སུ་བཏང་ཡོད།

      ལོ་ཁ་ཤས་འཕེལ་རྒྱས་ཕྱིན་པ་བརྒྱུད། ཐང་ག་བཞེངས་ཁང་དང་། ཀུང་སི། ཁྲིད་སྦྱོང་ཁང་སོགས་ཆར་རྗེས་ཀྱི་མྱུ་གུ་རྒྱས་པ་ལྟར་མགྱོགས་མྱུར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་ནས་ཁ་རུབ་ཆུས་ཀྱིས་པིར་རྩལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་གཞོགས་འདེགས་བྱེད་པའི་ལམ་བུ་གསར་པར་བསྐྱོད་ཡོད། ད་ཆ་དགེ་ཕྲུག་1200ལྷག་ཙམ་ཡོད་ལ། ལོའི་ཡོང་འབབ་ཀྱང་སྒོར་ཁྲི་2000ལྷག་ཙམ་ཟིན་ནས་མང་ཚོགས་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད།


    འགན་འཁུར་རྩོམ་སྒྲིག་པ། 罗布玉珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།