ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་སྟེ་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཀྱི་ཁྱུ་ཚོགས་དང་ཞིང་ལས་ཐོན་ལས་ཀྱི་གྲོང་རྡལ་སྟོབས་ཆེན་འཛུགས་གཏོད་ཧུར་ཐག་དང་ལག་བསྟར་ཤུགས་ཆེན་བྱས་ནས་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་ཟམ་མི་ཆད་པར་སྐྱེད་སྲིང་དང་སྟོབས་ཆེར་བཏང་ཞིང་། ཐོན་ལས་ལས་སྟེགས་དང་། གཙོ་ཁྲིད་ཐོན་ལས། གཉེར་སྐྱོང་བྱེད་པོ། ཐོན་ལས་གསུམ་མཉམ་འདྲེས་སོགས་ལ་དམིགས་ནས་གསར་གཏོད་ལ་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་ཀྱི་ལེགས་ཆ་དང་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆ་དང་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ནས་ཞིང་འབྲོག་མང་ཚོགས་ཕྱུག་པོ་ཆགས་པར་བྱས་ཡོད།
གྲོང་གསེབ་ཀྱི་ཁྱད་ལྡན་ཐོན་ལས་ལ་འབྲས་བཟང་སྨིན་པ།
ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་གི་མུའུ་སྟོང་གི་སྔོ་ཚལ་རྟེན་གཞིའི་ནང་དུ་ལས་བཟོ་པ་གཉིས་གསུམ་གྱིས་ཉི་ཞྭ་གྱོན་ནས་སུར་པན་གྱི་སྡོང་པོར་ཡལ་གཅོད་བྱེད་ཞོར་སྤྲོ་བ་ཆེན་པོས་ཁ་བརྡ་གློད་ཀྱིན་མཆིས།
“རང་ཁྱིམ་གྱི་ས་ཞིང་ཚང་མ་བརྒྱུད་བཤུག་བཏང་བས་སྔོ་ཚལ་རྟེན་གཞིར་ལས་ཀར་ཡོང་བ་ཡིན། ཡོང་འབབ་བརྟན་པོ་ཡོད་པ་མ་ཚད་རྒན་རྒོན་ལ་ལྟ་སྐྱོང་ཡང་བྱེད་བདེ་པོ་འདུག”ཅེས་ཤ་གསོས་ཤང་ཚོགས་རྒྱལ་གྲོང་ཚོའི་གྲོང་མི་སྒྲོལ་དཀར་གྱིས་འཛུམ་དམུལ་དམུལ་ངང་བཤད། ཉེ་འགྲམ་གྱི་གྲོང་མི་200ལྷག་ཙམ་དང་འདྲ་བར་སྔོ་ཚལ་རྟེན་གཞིར་ལས་ཀ་བྱས་ན། ཁོང་ལ་མུའུ་རེ་ནས་ས་ཞིང་བརྒྱུད་བཤུག་བཏང་བའི་གྲོན་དངུལ་སྒོར་936ལེན་རྒྱུ་ཡོད་པ་མ་ཟད། ད་དུང་ཟླ་རེར་གླ་ཆ་སྒོར་4800ཡང་ལེན་རྒྱུ་ཡོད།
འཕྱོངས་རྒྱས་རྫོང་གིས་ལྷོ་ཁ་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”འདུ་འགོད་ལ་བརྟེན་ནས་སྔོ་ཚལ་འདེབས་འཛུགས་ཐོན་ལས་གོང་འཕེལ་ཤུགས་ཆེན་བཏང་བས་མང་ཚོགས་ལ་སྔོ་ཚལ་སོས་པ་བཟའ་རྒྱུ་བྱུང་བ་མ་ཟད། ད་དུང་མང་ཚོགས་ཚོར་ཉེ་འགྲམ་དང་ཐག་ཉེ་སར་ལས་ཞུགས་བྱེད་རོགས་བྱས་ནས་ཕྱུག་འགྱུར་འབབ་འཕར་གྱི་ལམ་བུ་གསར་པ་ཞིག་ཀྱང་བཏོད་ཡོད། མིག་སྔར་རྟེན་གཞི་དེར་ས་གནས་དེ་གའི་མང་ཚོགས་དང་སློབ་ཆེན་སློབ་མ་70ལྷག་ཙམ་ལས་ཞུགས་ཐུབ་ཡོད་པ་རེད།
རང་ལྗོངས་ཀྱིས་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་ཤུགས་ཆེན་བྱས་ནས་ཞིང་འབྲོག་ཁུལ་གྱི་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱས་ཤིང་། ལྗོངས་ཡོངས་ཀྱི་ཞིང་འབྲོག་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་། ཁྱིམ་དུད་ཀྱི་ཞིང་འབྲོག་ར་བ་བཅས་165དང་། 12070 9154བཅས་ཁག་སོ་སོར་ཟིན་ཡོད།
འཕྱོངས་རྒྱས་རྫོང་རྒྱལ་ཁབ་རིམ་པའི་དཔེ་སྟོན་རྫོང་ཁག་དང་པོར་བདམས་ཤིང་། ཤང་དང་གྲོང་རྡལ་13དང་གྲོང་ཚོ་107རྣམས་དཔེ་སྟོན་ཤང་དང་གྲོང་རྡལ་དང་དཔེ་སྟོན་གྲོང་ཚོར་བདམས་ནས“རྫོང་བརྒྱ་ཤང་སྟོང་དང་གྲོང་ཚོ་ཁྲིའི”གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་འཛུགས་གཏོད་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཏང་ཡོད།
རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་དང་དེ་བཞིན་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་བཅས་རིམ་རྩིས་བྱས་ན་49དང་30སོ་སོར་ཟིན་ཡོད་ཅིང་། “ཐོན་རྫས་གསུམ་དང་མཚོན་རྟགས་གཅིག”གི་ཞིང་ལས་ཐོན་རྫས་བསྡོམས་འབོར་1315ཟིན་པ་དང་ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་60ཟིན་ཡོད།
ཐོན་ལས་མཉམ་འདྲེས་ལས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བྱུང་བ།
ལྷ་ས་གྲོང་ཁྱེར་སྙེ་མོ་རྫོང་ཐོན་མི་དེང་རབས་ཞིང་ལས་ཐོན་ལས་གླིང་དུ་ཁྲེ་ལི་ཙེ་དྲོད་ཁང་ཆེན་པོ་གྲལ་སྟར་འགྲིག་པོར་བརྒྱབ་ཡོད། “གླིང་ཁུལ་དུ་ཟླ་རེར་ཡོང་འབབ་སྒོར་3000ལྷག་ཙམ་ཟིན་པ་མ་ཟད། དེ་བས་གལ་འགངས་ཆེ་བ་ཞིག་ནི་ལག་རྩལ་སྦྱོང་རྒྱུ་འདུག གོམ་སྟབས་རྗེས་མར་ངས་ཀྱང་དྲོད་ཁང་ཆེན་པོ་ཞིག་འགན་གཙང་བླངས་ནས་ཁྲེ་ལི་ཙེ་འདེབས་རྩིས་ཡོད” མིག་སྔར་གླིང་ཁུལ་དུ་ཁྲེ་ལི་ཙེའི་སྡོང་ཕྲུག་6000ལྷག་ཙམ་ཡོད་པ་དེའི་འདེབས་ཁྱོན་མུའུ་104ཟིན་ནས་གྲོང་མི་ཚོའི“ཕྱུག་འགྱུར་འབྲས་བུར”གྱུར་པ་མ་ཟད། ཉེ་འཁོར་གྱི་དུད་ཚང་20ལྷག་ཙམ་སྒོ་རྩར་ལས་ཞུགས་ཐུབ་པར་སྐུལ་ཁྲིད་ཀྱང་ཐུབ་ཡོད་ཅེས་སྙེ་མོ་རྫོང་གནས་ཡུལ་གྲོང་ཚོའི་གྲོང་མི་གྲུང་ཏོག་ལྷ་མོས་བཤད།
ས་ཁོངས་ཀྱི་དཔལ་འབྱོར་ཁེ་ཕན་གཅིག་མཐུན་འདུས་གྲུབ་ཀྱི་རྣམ་པ་དེ་རིགས་ཀྱིས་གྲོང་ཁྱེར་ཉེ་འཁོར་གྱི་གྲོང་ཚོའི་ཞིང་ལས་ཕན་འབྲས་ཆེར་གཏོང་དང་། ཞིང་པའི་འབབ་འཕར། གྲོང་གསེབ་དར་རྒྱས་བཅས་ལ་སྐུལ་ཁྲིད་ཐུབ་པ་དང་། “ཞིང་ལས་ཡུལ་སྐོར”གྱི་རྣམ་པ་གསར་པས་གྲོང་གསེབ་ཀྱི་ཡུལ་སྐོར་ལས་རིགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་པ་སྦྱིན་ནས་གྲོང་གསེབ་དར་རྒྱས་གཏོང་བའི“སྟོབས་ཤུགས་གསར་པ”ཞིག་ཏུ་རིམ་བཞིན་འགྱུར་བཞིན་ཡོད།
ཉེ་བའི་ལོ་ཤས་རིང་རང་ལྗོངས་ཀྱི་ཐོན་ལས་མཉམ་འདྲེས་བྱེད་མགྱོགས་སུ་ཕྱིན་ཏེ་ནས་དང་། འབྲི་གཡག ཡུལ་ལུག་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྟེན་གཞི་ཆེ་གྲས་བཅུ་གཞི་རྩའི་ཆར་གྲུབ་ནས་ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་དང་། ཁེ་ལས་ཀྱི་སྤུས་རྟགས། ཐོན་རྫས་ཀྱི་སྤུས་རྟགས་བཅས་མཉམ་དུ་འཕེལ་རྒྱས་ཕྱིན་ཡོད། 2022ལོའི་ལོ་མཇུག་ཏུ་རང་ལྗོངས་ཀྱི་ཞིང་ནགས་འབྲོག་ཉ་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་278.62ཟིན་པ་དེ་2017ལོ་ལས་63.8%འཕར་ཡོད།
ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་ཁྱུ་ཚོགས་འཛུགས་སྐྲུན་དབྱར་མཚོ་རྒྱས་པ་ལྟར་འཕེལ་བ།
སྔར་ནས་བཟུང“བོད་ཀྱི་འབྲུ་མཛོད”ཅེས་འབོད་པའི་གཞིས་རྩེའི་བསམ་གྲུབ་རྩེ་ཆུས་ཕྱུག་པོ་གཞུང་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོ་ནས་ཡིན་པའི་སྤེན་པ་ནོར་བུས་འབྲུ་རིགས་སྣ་ལྔས་རང་ཁྱིམ་གྱི་མཛོད་ཁང་བྱུར་བུར་ཁེངས་པར་ལྟ་བཞིན་ངོ་གདོང་ལས་འཛུམ་མདངས་འཕྱུར། ཁོང་གིས། ང་ཚོའི་ཁྱིམ་གྱིས་ན་ནིང་བཟའ་འབྲུ་འདང་ངེས་ཤིག་བཞག་རྗེས་དེ་བྱིངས་ཚང་མ་བཙོངས་ནས་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་རག་བྱུང་ཞེས་ངོ་སྤྲོད་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་འབབ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཐོན་ཚད་བསྡོམས་འབོར་བརྟན་པོའི་ངང་འཕར་ནས་ལོ་རེར་ཆ་སྙོམས་ཐོན་ཚད་བསྡོམས་འབོར་ཏུན་ཁྲི་40ཡན་བརྟན་པོ་བྱུང་སྟེ་ནས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་རིམ་བཞིན་ཆགས་བཞིན་ཡོད།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གིས་བོད་ལྗོངས་ས་གཤིས་རྩད་ཞིབ་ཅུས་ཀྱི“བོད་ལྗོངས་ལྷུན་རྩེ་རྫོང་གི་གཙོ་གནད་རྨོ་ཞིང་ཁུལ་གྱི་ས་མཐོའི་ཁྱད་ལྡན་ལེགས་ཆའི་ས་ཞིང་ཐོན་ཁུངས་བརྟག་དཔྱད”ཀྱི་དམངས་འཚོའི་ས་གཤིས་རྣམ་གྲངས་ལ་བརྟེན་ནས་བོད་ཀྱི་སེ་འདུས་ཞིང་ལས་ཐོན་རྫས་ཐོག་མ་དེ་བཏོད་པ་དང་འབྲེལ་རྒྱལ་ཁབ་ཀྱི་སེ་འདུས་བྱ་སྒོང་ཚད་གཞིར་སླེབས་ནས་མཐའ་མཚམས་ཞིང་དུད་116ལ་ཐད་ཀར་ཕན་པ་ཐོབ་ཡོད།
ཉེ་བའི་ལོ་ཤས་རིང་། བོད་ཀྱི་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཀྱི་ཁྱུ་ཚོགས་དང་། ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན། རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་། སྤྲོ་གསེང་ཞིང་ལས་དང་གྲོང་གསེབ་ཡུལ་སྐོར་སོགས་ཐོན་ལས་མཉམ་འདྲེས་ཀྱི་གཞི་རྟེན་གསར་པ་ཟམ་མི་ཆད་པར་ཐོན་ཡོད། མིག་སྔར་རང་ལྗོངས་སུ་རིམ་རྩིས་བྱས་ན་ལེགས་ཆ་དང་ཁྱད་ལྡན་ཐོན་ལས་ཀྱི་ཁྱུ་ཚོགས་4དང་། རྒྱལ་ཁབ་དེང་རབས་ཞིང་ལས་ཐོན་ལས་གླིང་7 ཞིང་ལས་ཐོན་ལས་གྲོང་རྡལ་སྟོབས་ཆེན18 ཞིང་ལས་དེང་རབས་ཅན་གྱི་དཔེ་སྟོན་ཁུལ5 དེ་བཞིན་སྣེ་གདོང་དང་སྤོ་བའི་ཞིང་ལས་ཀྱི་རྫོང་སྟོབས་ཆེན་གཉིས་དང་། ངམ་རིང་དང་། གམ་པ། ཉི་མ། གསེར་རྙེད། ཀོང་པོ་རྒྱ་མདའ་བཅས་འབྲོག་ལས་ཀྱི་རྫོང(ཆུས)སྟོབས་ཆེན་5བཅས་འཛུགས་གཏོད་བྱ་རྒྱུའི་ཆོག་མཆན་ཐོབ་ཡོད།
ཐོན་ལས་ཀྱི་ཁྱུ་ཚོགས་ལག་བསྟར་བྱས་པས་ལེགས་ཆའི་ཐོན་ལས་གཞན་སྒྱུར་རིམ་སྤོར་དང་། ཚན་རྩལ་གསར་གཏོད། ནུས་པ་ཆེར་གཏོང་གི་སྒྱུར་བཀོད་བཅས་ལ་སྐུལ་འདེད་བཏང་བ་དང་། ཐོན་རྫས་ཀྱི་གྲུབ་ཆ་ལེགས་སུ་བཏང་བ། ཞིང་ཕྱུགས་ཐོན་རྫས་ལས་སྣོན་ཞིབ་ཚགས་དང་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་ཀྱི་ནུས་པ་ཆེ་རུ་བཏང་ཡོད།