དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་དར་རྒྱས་གཏོང་བའི་ལམ་དུ་རྩམ་པའི་དྲི་བསུང་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-04-07

    སྟག་རྩེ་ཆུས་ལ་ལྷ་སའི“ཤར་སྒོ་ཆེན་པོ”ཞེས་འབོད་སྲོལ་ཡོད་ཅིང་། ཉེ་བའི་ལོ་ཤས་རིང་། ཆུས་དེས་ས་གནས་དེ་གའི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབབ་འཕར་གྱི་ལམ་བུ་གསར་པ་མང་པོ་འཚོལ་ཞིབ་བྱས་ཡོད།

    བོད་ལྗོངས་བསོད་ནམས་ཞིང་གི་ནས་ཁེ་ལས་ཚད་ཡོད་ཀུང་སི་ནི་སྟག་རྩེ་བཟོ་ལས་གླིང་དུ་གནས་པ་དང་། 2021ལོར་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ཤིང་། ད་ཆ་ནས་ལས་སྣོན་ཞིབ་ཚགས་ལ་རྩེ་གཅིག་ཏུ་གཞོལ་བའི་ཚན་རྩལ་གསར་གཏོད་རྣམ་པའི་ཁེ་ལས་ཤིག་ཡིན་པ་དང་། ཀུང་སི་དེས་ས་གནས་དེ་གའི་ཐོན་ཁུངས་ལེགས་ཆ་དེ་ཐོན་ལས་ལེགས་ཆར་བསྒྱུར་རྒྱུར་གཞོལ་ནས“ལྗགས་སྨིན་གསོལ་ཞིབ”ཐོན་སྐྱེད་བྱས་ཏེ་སྤུས་རྟགས་ཀྱི་མིང་གྲགས་ཆེ་རུ་བཏང་སྟེ་ཞིང་པར་འབབ་འཕར་ཕྱུག་འགྱུར་ཡོང་བར་རོགས་རམ་བྱས་ཡོད། ད་ཆ་སྨི་ངོས་གྲུ་9000ཟིན་པའི་དེང་རབས་ཅན་གྱི་ཐོན་སྐྱེད་འཁོར་ཁང་གཙང་མ་ནས་ལོ་རེར་རྩམ་པ་ཐོན་ཚད་ཏུན་15000ཟིན་གྱི་ཡོད་པ་རེད། གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ཀུང་སི་དེས་ཐོན་སྐྱེད་བྱེད་པའི་བརྒྱུད་རིམ་ནང་གཙང་མར་བཀྲུས་ཏེ་སྙིགས་རོ་འདོན་པ་དང་། འཚོ་བཅུད་མི་ཤོར་བ་བྱེད་པ། བཟའ་ཚྭས་བརྔོས་ནས་བྱེ་མ་ཉུང་དུ་གཏོང་བ། གློག་འཐག་སྤྱད་ནས་རྡོ་ཞིབ་མེད་པར་བྱེད་པ་བཅས་ཀྱི་ཚན་རྩལ་གསར་གཏོད་ལག་རྩལ་ཆེ་གྲས་བཞི་བརྒྱུད་ཚད་ལྡན་ཅན་གྱི་ཐོན་སྐྱེད་དང་ཚད་གཞི་ཅན་གྱི་དོ་དམ་མངོན་འགྱུར་བྱུང་ནས་ཐོན་སྐྱེད་བྱས་པའི་རྩམ་པ་སྔར་བས་གཙང་ལ་བདེ་འཇགས་ལྡན་པར་གྱུར་ཡོད་པ་རེད། དེ་དང་ཆབས་ཅིག ཚན་ཞིབ་བརྒྱུད་རིམ་ཁྲོད་རྒྱལ་ཁབ་ཀྱི་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་མང་པོ་ཞིག་ལེགས་གྲུབ་ལྡན་པའི་ངང་འདུན་ཞུ་བྱས་པའི་ཁྲོད《ནས་སྙིང་བཟོ་སྟངས》དང《རྩམ་པ་འཐག་སྟངས》ཀྱི་ཁེ་བེད་བདག་ཐོབ་གཉིས་ལེགས་གྲུབ་ལྡན་པའི་ངང་ལག་རྩལ་ནས་ཐོན་ལས་སུ་བསྒྱུར་ཏེ་སྔོན་ཐོན་གྱི་བཟོ་རྩལ་དེ་ནས་ལས་སྣོན་ཞིབ་ཚགས་ཀྱི་ཐོན་ལས་ཁྲོད་བཀོལ་སྤྱོད་ཐུབ་པ་བྱུང་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཀུང་སི་དེས་2022ལོར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་700ལྷག་ཙམ་ཟིན་པ་དང་ལོ་རེར་ནས་ཏུན་400ལྷག་ཙམ་ཉོ་སྒྲུབ་བྱས་པའི་ནང་70%སྟག་རྩེ་ཆུས་ཀྱི་དར་རྒྱས་ཤང་དང་ཐང་དཀར་ཤང་གི་ཞིང་དུད་ས་ནས་ཉོ་སྒྲུབ་བྱས་ཏེ་ཞིང་དུད་ལ་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པ་རེད། གཞན་ཡང་ཀུང་སི་དེས་ད་དུང་སྟག་རྩེ་ཆུས་ཀྱི་དཀའ་ངལ་ཡོད་པའི་མང་ཚོགས་30ལྷག་ཙམ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ནས་འབབ་འཕར་བྱུང་བ་རེད། “ཀུང་སིར་སླེབས་རྗེས་ངས་རྩམ་པ་འཐག་པའི་སྐོར་གྱི་ཤེས་བྱ་མང་པོ་ཤེས་བྱུང་ལ་ཇི་ལྟར་བྱས་ཏེ་ཚན་རིག་དང་མཐུན་ལ་ནུས་ལྡན་ངང་དོ་དམ་བྱེད་དགོས་པའང་ཤེས་བྱུང་། གོམ་སྟབས་རྗེས་མར་ངས་མུ་མཐུད་ཀུང་སིར་ལས་ཀ་ཧུར་ཐག་བྱས་ནས་རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་ཀྱི་ཡིན”ཞེས་བོད་ལྗོངས་བསོད་ནམས་ཞིང་གི་ནས་ཁེ་ལས་ཚད་ཡོད་ཀུང་སིའི་མཛོད་གཉེར་བ་ནོར་བུ་བསམ་གྲུབ་ཀྱིས་བཤད།

    བོད་ལྗོངས་བསོད་ནམས་ཞིང་གི་ནས་ཁེ་ལས་ཚད་ཡོད་ཀུང་སིས་ལྗང་མདོག་ཞིང་ལས་ཐོན་ལས་ཀྱི་ལེགས་ཆར་བརྟེན་ནས་ཚད་གཞི་མཐོ་བ་དང་སྤུས་ཀ་དག་ལ་འཚོ་བཅུད་ལྡན་པའི་རྩམ་པ་ཐོན་སྐྱེད་བྱས་ཏེ་ས་མཐོའི་ལྷད་མེད་བཟའ་བཅའ་གཏོད་ཀྱི་ཡོད། བོད་ལྗོངས་བསོད་ནམས་ཞིང་གི་ནས་ཁེ་ལས་ཚད་ཡོད་ཀུང་སིའི་སྲིད་འཛིན་འགན་འཁུར་བ་ཚེ་རིང་བསམ་གྲུབ་ཀྱིས་ཀུང་སི་རྒྱུན་ཆད་མེད་པར་འཕེལ་རྒྱས་འགྲོ་བ་དང་བསྟུན་ནས་སྔར་བས་གཙང་ལ་བྲོ་བ་ཞིམ་པ་དང་། འཚོ་བཅུད་ལེགས་པ། བདེ་འཇགས་ལྡན་པ་བཅས་ཀྱི་ཁྱད་ལྡན་ཐོན་རྫས་གཏོད་རྒྱུར་གཞོལ་ནས་རྒྱལ་ཡོངས་སུ་ཁྱབ་པའི་བྲིན་ཚོང་དྲ་བ་བཙུགས་ཏེ་བོད་ཀྱི་ནས་སྔར་བས་སྣ་མང་ཅན་གྱི་ཐོག་ནས་འཛད་སྤྱོད་པའི་མདུན་དུ་བཤམས་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

    འགན་འཁུར་རྩོམ་སྒྲིག་པ། 尕藏智华

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།