དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་འདི་ཉིད་གྲོང་གསེབ་དར་རྒྱས་ཀྱི་ལམ་ཆེན་དུ་སྐྱོད་བཞིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2023-04-03

    ཟླ་3ཚེས་16ཉིན་ནི་བོད་ཀྱི་གྲོང་གསེབ་ཀྱི་སྲོལ་རྒྱུན་གྱི་རྨོད་གཉའ་གཅོག་པའི་ཉིན་མོ་རེད། ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁེ་གསུམ་སྡེ་ཁུལ་དུ་འདྲུད་འཐེན་འཕྲུལ་འཁོར་བཅུ་གྲངས་ཁ་ཤས་ལྡིར་སྒྲ་དང་བཅས་སྐྱོད་བཞིན་ཡོད་པ་དང་། གཟབ་མཆོར་ལེགས་པར་སྤྲས་པའི་ཁེ་གསུམ་བ་ཚོས་ལག་ཏུ་ཐོང་གཤོལ་དང་འཇོར་སོགས་འཁྱེར་ནས་འདྲུད་འཐེན་འཕྲུལ་འཁོར་གྱི་རྗེས་སུ་འབྲངས་བཞིན་ངལ་རྩོལ་བྱེད་པ་དང་། ཕྱེ་མར་འགྱོག་པ། ནས་ཆང་འདྲེན་པ། ཁ་བཏགས་གཡོག་པ་བཅས་བྱེད་བཞིན་མཆིས།

    ས་ཞིང་རང་ལ་དབང་བ་ནི་སྔོན་ཆད་ཁེ་གསུམ་བའི་རྨི་ལམ་རེད། “གངས་རི་མར་ལ་གྱུར་ཡང་། བདག་པོ་དཔོན་པོས་བརྒྱབ་སོང་། ཆུ་མོ་འོ་མར་གྱུར་ཡང་། ཧུབ་གང་འཐུང་དབང་མི་འདུག་ཅེས་པ་ལ་སོགས”གནའ་བོའི་བོད་ཀྱི་དམངས་གཞས་ལས་བོད་རྙིང་པའི་ཞིང་བྲན་ཚོའི་ཡ་ང་བའི་ལས་དབང་མཚོན་པར་བྱས་ཡོད།

    1959ལོར་ཁེ་གསུམ་གྲོང་ཚོ་བོད་ཀྱི་ཞིང་པའི་མཐུན་ཚོགས་དང་པོར་བདམས་ཐོན་བྱུང་བ་དང་། དེ་རྗེས་ཞིང་པ་ཚོར་མི་རབས་ནས་མི་རབས་བར་རེ་སྒུག་བྱེད་པའི་ས་ཞིང་བགོ་བཤའ་བརྒྱབ་པ་དང་། ཁེ་གསུམ་གྲོང་ཚོ་ཡང་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་གྱི་གྲོང་ཚོ་དང་པོ་དེར་གྱུར་ཡོད། དུས་དེ་ནས་བཟུང“ཡར་ལངས་ཞིང་བྲན་མང་པོས་གླུ་དབྱངས་ལེན། བདེ་སྐྱིད་གླུ་དབྱངས་ཕྱོགས་བཞི་གང་སར་ཁྱབ”ལོ་64སོང་བའི་ད་ཆའི་ཁེ་གསུམ་སྡེ་ཁུལ་ལ་ས་ཞིང་འཕྲུལ་ཆས་ཅན་ལ་གྱུར་ཚད་100%ཟིན་པ་དང་། 2022ལོར་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2.8ལྷག་ཙམ་བྱུང་ཡོད། བོད་ཀྱི་ས་ཁྱོན་བཅུ་ཆ་དགུ་ཡན་ནི་ཞིང་འབྲོག་ཁུལ་ཡིན་པ་དང་མི་འབོར་བཅུ་ཆ་དྲུག་ཡན་ནི་ཞིང་འབྲོག་པ་རེད། བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་བབ་ལ་གཞིགས་ནས་ཞིང་འབྲོག་ཁུལ་དར་རྒྱས་གཏོང་བ་དང་། ཞིང་འབྲོག་ལས་འཕེལ་རྒྱས་གཏོང་བ། ཞིང་འབྲོག་པ་འབྱོར་ཕྱུག་ཡོང་བ་བྱེད་པ་བཅས་གནས་བབ་ཨང་དང་པོར་བཞག་ནས། གྲོང་གསེབ་དར་རྒྱས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད།

    བོད་ཀྱི་ཞིང་འབྲོག་ལས་དེང་རབས་ཅན་གྱི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་ཞིང་། 2022ལོར་ལྗོངས་ཡོངས་སུ་ནས་ཀྱི་སོན་བཟང་ཁྱབ་གདལ་གཏོང་ཁྱོན་མུའུ་ཁྲི་200ལྷག་ཙམ་དང་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་390ཟིན་པ་དང་། སྣེ་འདྲེན་ཁེ་ལས་ཀྱིས་ཞིང་འབྲོག་ལས་ཐོན་སྐྱེད་ཚབ་གཉེར་གྱི་ཚོད་ལྟའི་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ། ཁྱིམ་ཚང་གི་ཞིང་འབྲོག་ར་སྐྱེད་སྲིང་བྱས་པ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་རྩ་འཛུགས་བཙུགས་པ་དང་སྟོབས་ཆེར་བཏང་བ། འབྲུ་རིགས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་ལ་གྱུར་ཚད་69%ཟིན་པ་བཅས་རེད། 2022ལོར་བོད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི་107.3ཟིན་ནས་ལོ་8བསྟུད་མར་ཏུན་ཁྲི་100ཡན་བརྟན་པོ་བྱུང་ཡོད།

    བོད་ཀྱི་ཞིང་འབྲོག་ཁུལ་གྱི་རྣམ་པ་ལེགས་སུ་ཕྱིན་ཞིང་། དེང་གི་བོད་ལྗོངས་སུ། ཤང་དང་གྲོང་རྡལ་95%དང་སྒྲིག་ཚུད་གྲོང་ཚོ་78%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་། ཞིང་འབྲོག་ཁུལ་གྱི་གསང་སྤྱོད་སྒྱུར་བཀོད་དང་འཚོ་བའི་གད་སྙིགས་གཙང་སེལ་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ། 2022ལོར་ད་དུང་མི་ཁྲི་18ལ་ཕན་པ་ཐོབ་པའི་ཞིང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན་འདུ་འགོད་ལག་ལེན་བསྟར་ནས་ས་བབ་མཐོ་བའི་ས་ཁུལ་དུ་དུས་ཚིགས་རང་བཞིན་གྱི་ཆུ་དཀོན་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཐག་གཅོད་བྱས་ཡོད། གྲོང་གསེབ་ཏུ“སྡོད་ཁང་གསར་པ་ཡོད་ཀྱང་གྲོང་ཚོ་གསར་པ་མེད་པ་དང་གྲོང་ཚོ་གསར་པ་ཡོད་ཀྱང་རྣམ་པ་གསར་པ་མེད་པའི”གནད་དོན་ཐག་གཅོད་བྱ་ཆེད། བོད་ཀྱིས་ལྗོངས་ཡོངས་སུ་གནས་འཕྲོད་དང་ལས་གཏོད་ལ་འཚམ་ཞིང་མཛེས་པའི་གྲོང་གསེབ་འཛུགས་སྐྲུན་མགྱོགས་སུ་བཏང་སྟེ་འདི་ལོ་ཁག་220བསྐྲུན་རྒྱུ་དང་ལོ་5ཡི་ནང་ཁག་1000ཟིན་རྒྱུའི་འཆར་གཞི་ཡོད་པ་རེད།

    ཞིང་འབྲོག་མང་ཚོགས་ལ་འབབ་འཕར་ཡོང་བའི་འགག་རྩ་ནི་ལས་ཞུགས་གཞན་སྒྱུར་ལ་ཐུག་ཡོད། ཉེ་བའི་ལོ་ལྔའི་རིང་། བོད་ཀྱི་ཞིང་འབྲོག་པ་ལས་ཞུགས་གཞན་སྒྱུར་བྱེད་ཚད་ལོ་ལྟར་མི་ཁྲི་60ཡན་རྒྱུན་འཁྱོངས་ཐུབ་པ་དང་། 2022ལོར་ཞིང་འབྲོག་པ་ཁྲི་63.1ལས་ཞུགས་གཞན་སྒྱུར་ཐུབ་པ། ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་55.6ཟིན་ཡོད།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བྲག་ཕྱི་གྲོང་ཚོའི་གྲོང་མི་ལྷག་པ་ཚེ་རིང་གིས་གྲོང་ཚོའི་ཨར་ལས་རུ་ཁག་གི་སྣེ་ཁྲིད་དེ་ཕྱིར་གླ་པར་བསྐྱོད་པ་དང་ངལ་ལས་ཡོང་འབབ་དང་གྲོང་ཚོ་མཉམ་སྡེབ་ཀྱི་ཁེ་སྤོགས་བཅས་ནས་ཁྱིམ་ཚང་ལ་ལོར་ཡོང་འབབ་སྒོར་ཁྲི་བཞི་བཅུ་ལྔ་བཅུ་ཙམ་ཡོང་གི་ཡོད། “ད་ཆ་གྲོང་མི་མང་པོ་ཞིག་གྲོང་ཁུལ་གྱི་ཉེ་འགྲམ་དུ་ལས་ཀར་འགྲོ་གི་ཡོད་པས་བྲག་ཕྱི་གྲོང་ཚོའི་མི་རེའི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་5.4ཟིན་གྱི་ཡོད”ཅེས་བྲག་ཕྱི་གྲོང་ཚོའི་དབུལ་སྐྱོར་ཆེད་བསྐོས་ལས་བྱེད་པ་སུང་ཏུང་ཏུང་གིས་ངོ་སྤྲོད་བྱས།

    བོད་ཀྱི་ཞིང་འབྲོག་ཁུལ་དུ་སློབ་གསོ་དང་འཕྲོད་བསྟེན་སོགས་དམངས་འཚོ་འགན་ལེན་གྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ཅིང་། ལོ་21ལ་སླེབས་པའི་པད་མ་རྒྱ་མཚོའི་ཁྱིམ་ནི་མི་རབས་ནས་མི་རབས་བར་ཞིང་འབྲོག་པ་ཡིན་པ་དང་། རྒྱལ་ཁབ་ཀྱིས་བོད་དུ་ལོ་15ཡི་གཞུང་གྲོན་སློབ་གསོ་དང་སློབ་གསོའི“འགན་ལེན་གསུམ”གྱི་སྲིད་ཇུས་ལག་བསྟར་བྱས་པ་ལས་ཁོང་གིས་མཐོ་རིམ་སློབ་འབྲིང་མ་ཐོན་བར་སློབ་ཡོན་སྤྲོད་དགོས་མེད་པ་མ་ཟད། སློབ་གྲྭས་ད་དུང་ལྟོ་ཆས་དང་ཉལ་ཁང་ཡང་བཀོད་སྒྲིག་བྱས་ཡོད། ད་ཆ་ཁོང་ནི་བོད་ལྗོངས་སློབ་ཆེན་གྱི་སློབ་གྲྭ་ཆེ་མོ་བ་ཞིག་ཡིན་པ་དང་། པད་མ་རྒྱ་མཚོས་སྔོན་ཆད་འགྲིམ་མྱོང་བའི་གཞིས་རྩེ་ཚོད་ལྟའི་སློབ་གྲྭར་ཁོང་ལྟ་བུའི“འགན་ལེན་གསུམ”གྱི་སྲིད་ཇུས་ལོངས་སྤྱོད་བྱེད་མཁན་སློབ་མ་1890ཡོད་པའི་ནང་མཐོ་རིམ་ལོ་རིམ་གསུམ་པ་འགྲིམ་བཞིན་པའི་ཁོང་གི་གཅུང་མོ་ཡང་ཡོད་པ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། བོད་ཀྱིས་སློབ་གྲྭ་དང་བུ་བཅོལ་ཁང་1300ལྷག་ཙམ་བསྐྲུན་པ་དང“དྲ་སྦྲེལ+སློབ་གསོ”སློབ་གྲྭ་འབྲིང་ཆུང་ཡོངས་སུ་ཁྱབ་ཡོད།

    བོད་ཀྱི་ས་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་མང་པོ་ཞིག་ཐག་རིང་ལུང་ཁུག་གི་མཐའ་མཚམས་ཁུལ་དུ་གནས་ཤིང་། 2018ལོ་ནས་བཟུང་བོད་ཀྱིས་མཐའ་མཚམས་ཀྱི་རྫོང་21ལ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་། བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འདུ་འགོད་ལག་ལེན་བསྟར་ནས་ད་བར་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་624བསྐྲུན་ཡོད།

    ས་བབ་སྨི་2000ཟིན་པའི་མཐའ་མཚམས་ས་ཁུལ་དུ་གནས་པའི་གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་བང་མདའ་གྲོང་ཚོར་དུད་ཚང་99ཡོད་པ་དེ་དག་ནི་གྲོ་མོ་རྫོང་གི་ས་བབ་སྨི་4600ཡོད་པའི་དུད་སྣ་ཤང་ནས་སྤོས་པ་ཤ་སྟག་རེད། གྲོང་ཚོའི་མཐའ་འཁོར་དུ་རྒྱུག་ཆུ་དང་། རྦབ་ཆུ། གདོད་མའི་ནགས་ཚལ་བཅས་མང་པོ་ཡོད་པས་གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ཆ་རྐྱེན་ཧ་ཅང་ཡག་པོ་ཡོད།

    2021ལོར་བང་མདའ་གྲོང་ཚོར་ཞིང་པའི་ཡུལ་སྐོར་མཉམ་ལས་ཁང་བཙུགས་ནས་མ་དངུལ་སྒོར་ཁྲི་30ལྷག་ཙམ་བསྡུ་སྒྲིལ་གྱིས་གྲོང་མི་དུད་ཚང་8ཀྱི་སྡོད་ཁང་མཛེས་བཟོ་བྱས་ནས་ཁྱིམ་ཚང་མགྲོན་ཁང་16བཙུགས། གྲོང་མི་ཚེ་རིང་སྒྲོལ་དཀར་གྱིས་ཁང་མིག་གཉིས་ཁྱིམ་ཚང་མགྲོན་ཁང་བཟོས་པར་འདི་ལོའི་དཔྱིད་གསར་དུས་ཆེན་རིང་ཁོ་ནར་ཡོང་འབབ་སྒོར་ཆིག་སྟོང་ལྷག་ཙམ་བྱུང་ཡོད། “ལྷ་ས་དང་གཞིས་རྩེའི་ཡུལ་སྐོར་བ་ཡོད་པ་མ་ཟད། ད་དུང་ནང་སའི་ཡུལ་སྐོར་བའང་ཡོད་པས་འཁྲུག་ཆ་དོད་པོ་འདུག”ཅེས་ཚེ་རིང་སྒྲོལ་དཀར་གྱིས་གྲོང་ཚོར་ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་གཏོང་བར་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།

    ད་ཆ་བོད་ཀྱི་མཐའ་མཚམས་ས་ཁོངས་སུ་རིམ་པ་དང་པོ་དང་གཉིས་པའི་སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་དང་གློག་དྲ་གཙོ་བོ་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་ཚང་མར་སྣུར་སྲིང་ཐུབ་ནས། གྲོང་ཚོ་ཚང་མར་སྦྲག་སྲིད་ཤར་གཏོང་ཐུབ་ལ་སྒུལ་བདེའི་འཕྲིན་གཏོང་དྲ་རྒྱ་ཡོངས་ལ་ཁྱབ་པ་དང་། གྲོང་གསེབ་ཀྱི་གྲོང་མིའི་འཐུང་ཆུ་བདེ་འཇགས་འགན་ལེན་ཐུབ་པ། ཐག་ཉེ་སར་སློབ་ཞུགས་དང་སྨན་བཅོས་ཐུབ་པ་སོགས་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཉིན་རེ་བཞིན་འཐུས་སྒོ་ཚང་དུ་འགྲོ་བཞིན་ཡོད། བོད་ཀྱིས་ད་དུང་མཐའ་མཚམས་ས་ཁུལ་གྱི་ཐོན་ལས་རྣམ་གྲངས་ལག་ལེན་བསྟར་ནས་མཐའ་མཚམས་ས་ཁུལ་གྱི་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བས་གྲོང་མི་དེ་བས་མང་བ་ཕྱུག་འགྱུར་ལམ་བུར་སྐྱོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།