▶ 2022ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ལྗོངས་སྤོ་བོ་རྫོང་ཡོངས་སུ་སྡོང་ཕུང་མུའུ་2000ཙམ་བཏབ་པ་དང་། དེའི་ཁྱབ་ཁོངས་སྲིད་འཛིན་གྲོང་ཚོ་14ལ་ཁྱབ་ཡོད། སྡོང་ཕུང་ནགས་ཁྲོད་དུ་འདེབས་འཛུགས་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས་46བྱས་ནས་ཚན་རྩལ་སྣེ་ཁྲིད་པ་300ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད། གཞན་ཡང་མང་ཚོགས་ཀྱིས་ད་དུང་ནགས་ས་བརྒྱུད་བཤུག་དང་གླ་པར་འགྲོ་བ་སོགས་བྱས་པས་འབབ་འཕར་སྒོར་ཁྲི་300ལྷག་ཙམ་བྱུང་བ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.8ལྷག་ཙམ་བྱུང་ཡོད།
དཔྱིད་ཟླ་གསུམ་པར་སྤོ་བོ་རྫོང་དུ་སྦྲང་ཆར་ཟིལ་མས་བརླན་ཞིང་། རླུང་བུའི་ལྡང་ཕྱོགས་དང་བསྟུན་ནས་རྩྭ་དང་འདམ་གྱི་དྲི་ཞིམ་སྣ་ངོར་ལྷང་ལྷང་དུ་འཐུལ། པ་སངས་དོན་གྲུབ་ནགས་ཁྲོད་དུ་བསྐྱོད་ནས་སྡོང་ཕུང་གི་སྐྱེ་འཚར་ལ་ཞིབ་ལྟ་བྱེད་བཞིན་འདུག
“སེར་ལངས་ཡོད་མེད་དང་། སྡོང་ཕུང་གི་སྡོང་ཕྲུག་འདེབས་སར་ཕྱུགས་ཟོག་གིས་བརྫིས་ཡོད་མེད། ལྐོག་ཏུ་སྔོག་མཁན་ཡོད་མེད་སོགས་ཚང་མ་ནི་ང་ཚོས་རྒྱུན་གཏན་བདག་སྐྱོང་བྱེད་རིང་ཞིབ་བཤེར་བྱེད་དགོས་པའི་ལས་ཀ་རེད”སྤོ་བོ་རྫོང་ཁྲབ་རྨོག་གྲོང་རྡལ་མདའ་ཞིང་གྲོང་ཚོའི་གྲོང་མི་པ་སངས་དོན་གྲུབ་ཀྱིས“འདི་ལོ་གྲོང་ཚོས་ས་ཞིང་མུའུ་10ཙམ་ལ་སྡོང་ཕུང་བཏབ་པར་ལོ་མཇུག་ཏུ་འབྲས་བུ་ཡོང་ངེས་རེད”ཅེས་བཤད།
ལོ་42ལ་སླེབས་པའི་པ་སངས་དོན་གྲུབ་ཀྱིས་ཉེ་བའི་ལོ་བཅུའི་རིང་སྡོང་ཕུང་འདེབས་འཛུགས་ཀྱི་ཚོད་ལྟ་ཐེངས་གསུམ་བྱས་པ་བརྒྱུད། ད་ཐེངས་གཞི་ནས་འདེབས་འཛུགས་ལམ་ལྷོངས་སུ་སོང་བ་མཐོང་བྱུང་།
སྤོ་བོ་རྫོང་ནི་བོད་ཤར་རྒྱུད་ཀྱི་ཉིང་ཁྲི་གྲོང་ཁྱེར་དུ་གནས་པ་དང་། དམིགས་བསལ་གྱི་ས་ཁམས་གནམ་གཤིས་ཀྱི་ཆ་རྐྱེན་འོག་དེ་གར་སྡོང་ཕུང་དང་། བེ་ཤ རླམ་རྩྭ་ཕོ་སུལ་སོགས་རྩ་ཆེའི་ཟས་རིགས་དང་སྨན་རྒྱུ་མང་པོ་ཐོན་གྱི་ཡོད།
“ཆུང་དུས་ནས་བཟུང་སྡོང་ཕུང་སྔོག་པ་དང་འཚོང་བ་ནི་ང་ཚོའི་གྲོང་ཚོའི་ཡོང་འབབ་ཀྱི་ཡོང་ཁུངས་གལ་ཆེན་ཞིག་རེད”པ་སངས་དོན་གྲུབ་ཀྱིས་དགུན་དུས་རི་སྐྱེས་སྡོང་ཕུང་སྔོག་པ་ལས་སླ་པོ་གཏན་ནས་མེད། ཁྲོམ་རར་འཚོང་བའི་སྡོང་ཕུང་མང་ཆེ་བ་ནི་དབྱར་དུས་ནས་བཀོག་པའི་སྡོང་ཕུང་ཤ་སྟག་ཡིན་པ་དང་། རིན་གོང་ཡང་དགུན་དུས་བཀོག་པའི་སྡོང་ཕུང་ལས་དམའ་བ་ཡོད་ཅེས་བཤད།
དགུན་ཁར་སྡོང་ཕུང་སོས་པ་སྔོག་ཐུབ་ཆེད། པ་སངས་དོན་གྲུབ་ཀྱིས་སྡོང་ཕུང་འདེབས་འཛུགས་ཚོད་ལྟ་བྱེད་འགོ་བཙུགས་པ་རེད།
ཐོག་མར་པ་སངས་དོན་གྲུབ་དང་གྲོང་མི་ཚོས་སྔ་རྗེས་སུ་སྡོང་ཕུང་འདེབས་འཛུཌ་ཐེངས་གཉིས་བྱས་ཡོད། འོན་ཀྱང་ཆེད་ལས་ཀྱི་འདེབས་འཛུགས་ལག་རྩལ་དང་ཚན་རྩལ་གྱི་འདེགས་སྐྱོར་མི་འདང་བའི་དབང་གིས་མཐར་ཚོད་ལྟ་ལམ་ལྷོངས་གཏན་ནས་བྱུང་མེད།
2020ལོར་བོད་ལྗོངས་ཉིང་ཁྲི་གྲོང་ཁྱེར་སྤོ་བོ་རྫོང་སྲིད་གཞུང་གིས་ཚོང་འགུགས་མ་འདྲེན་ལ་བརྟེན་ནས་སྡོང་ཕུང་ཚན་ཞིབ་ཚོགས་པ་གདན་དྲངས་ཏེ། བོད་ལྗོངས་སྤོ་བོ་རྫོང་ས་མཐོའི་སྡོང་ཕུང་ཐོན་ལས་གསར་སྤེལ་ཚད་ཡོད་ཀུང་སི་ཐོ་འགོད་བྱས་པ་དང་འབྲེལ། དུས་ཐུང་ནང་རི་སྐྱེས་སྡོང་ཕུང་གི་ས་བོན་འདེབས་གསོ་དང་ས་གནས་དེ་གའི་སྨི་ཧོན་ཤ་མོ་ལེགས་འདེམས་བྱས་ནས་མུའུ་1700ཡི་སྡོང་ཕུང་ནགས་ཁྲོད་རི་སྐྱེས་འདེབས་གསོའི་དཔེ་སྟོན་རྟེན་གཞི་བསྐྲུན་པ་རེད།
མང་ཚོགས་དེ་བས་མང་བས་སྡོང་ཕུང་བཏབ་ནས་ཕྱུག་འགྱུར་བྱུང་ཡོད། བོད་ལྗོངས་སྤོ་བོ་རྫོང་གསུམ་འཛོམས་གྲོང་རྡལ་མདོང་ཡ་གྲོང་ཚོའི་འདེབས་འཛུགས་དུད་ཚང་གི་གྲོང་མི་ཆིན་ཞང་ཧྲུའུ་ཡིས་རྟོག་ཞིབ་དང་སློབ་སྦྱོང་བྱས་རྗེས་དེའི་ནང་ཞུགས་ཡོད། “2022ལོའི་ཟླ་ལྔ་པར་ངས་སྡོང་ཕུང་མུའུ་0.25བཏབ་པས་ལོ་མཇུག་ཏུ་ཐོན་འབབ་རྒྱ་མ་200ལྷག་ཙམ་བྱུང་། དེ་དག་བཙོངས་པར་ཡོང་འབབ་སྒོར་17000ཙམ་རག་བྱུང” ཆིན་ཞང་ཧྲུའུ་ཡིས“འདི་ལོ་ངས་འདེབས་ཁྱོན་མུའུ་2ལྷག་ཙམ་མང་དུ་བཏང་ཡོད་པས་ཐོན་འབབ་ཡག་པོ་ཡོང་ངེས་རེད”ཅེས་འཛུམ་དམུལ་དམུལ་ངང་གསར་འགོད་པར་བཤད་བྱུང་།
པ་སངས་དོན་གྲུབ་ཀྱང་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད། 2023ལོའི་ཟླ་དང་པོར་ཁོང་དང་གྲོང་མི་ཚོས་མུའུ་8ཀྱི་སྡོང་ཕུང་གི་སྡོང་ཕྲུག་འདེབས་འཛུགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་དང་། “འདེབས་འཛུགས་བྱེད་རིང་ཚན་རྩལ་པས་ཉིན་ལྟར་གྲོང་མིར་སྡོང་ཕུང་འདེབས་ས་འདེམས་པ་དང་། སོན་འཛུགས་པ། ཞིང་ནང་གཡོག་བྱེད་པ་སོགས་ཀྱི་ལག་རྩལ་དམར་ཁྲིད་བྱེད་ཀྱི་ཡོད། སྤུས་ཀ་ལེགས་པ་རྣམས་རང་ཉིད་ཀྱིས་འཚོང་ཆོག་པ་དང་། དེ་བྱིངས་ཚང་མ་ཁེ་ལས་ཀྱིས་ཉོ་སྒྲུབ་བྱེད་ཀྱི་ཡོད་པས་ཚོང་ལམ་ལ་སེམས་ཁྲལ་བྱེད་དགོས་མེད”ཅེས་བཤད།
ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོའི་ལོ་མཇུག་ཏུ་སླེབས་སྐབས་སྤོ་བོ་རྫོང་ཡོངས་སུ་སྡོང་ཕུང་མུའུ་2000ཙམ་བཏབ་པ་དང་། དེའི་ཁྱབ་ཁོངས་སྲིད་འཛིན་གྲོང་ཚོ་14ལ་ཁྱབ་ཡོད། རིན་མེད་ངང་སྤོ་བོ་རྫོང་གི་སྡོང་ཕུང་ནགས་ཁྲོད་དུ་འདེབས་འཛུགས་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས་46བྱས་ནས་ཚན་རྩལ་སྣེ་ཁྲིད་པ་300ལྷག་ཙམ་ལ་གསོ་སྦྱོང་བྱས་པ་རེད། གཞན་ཡང་མང་ཚོགས་ཀྱིས་ད་དུང་ནགས་ས་བརྒྱུད་བཤུག་དང་གླ་པར་འགྲོ་བ་སོགས་བྱས་པས་འབབ་འཕར་སྒོར་ཁྲི་300ལྷག་ཙམ་བྱུང་བ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་1.8ལྷག་ཙམ་བྱུང་ཡོད།
བོད་ལྗོངས་སྤོ་བོ་རྫོང་གི་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝུན་ཆའོ་ཡིས“སྤོ་བོ་རྫོང་གིས་ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། ཞིང་འབྲོག་ཁྱད་ལྡན་ཐོན་ལས་ལ་དམིགས་ཏེ་2020ལོ་ནས་2030ལོའི་བར་གྱི་དུས་ཡུན་རིང་འབྲིང་གི་འཕེལ་རྒྱས་འཆར་འགོད་བཟོས་ནས། ས་གནས་དེ་གའི་ནགས་ཁྲོད་དཔལ་འབྱོར་ཐོན་ལས་འཕེལ་རྒྱས་གཏོང་བར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་ཧུར་ཐག་བྱེད་ཀྱི་ཡོད”ཅེས་བཤད།