གཞིས་རྩེ་གྲོང་ཁྱེར་ནི་ལྗོངས་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ནས་ཀྱི་ཐོན་སྐྱེད་རྟེན་གཞི་གལ་ཆེན་ཞིག་ཡིན་པས“བོད་ཀྱི་འབྲུ་མཛོད”ཅེས་པའི་མཚན་སྙན་ལྡན་ཡོད། དེར་འདེབས་ཁྱོན་དང་། ཐོན་ཚད་ཀྱི་ཆུ་ཚད། འབྲུ་རིགས་ཀྱི་སྤུས་ཚད། འདེབས་འཛུགས་ལས་རིགས་སྐྱེད་སྲིང་། ཐོན་ལས་ཞིབ་སྤེལ་སོགས་ཀྱི་ཐད་ཚང་མ་ནས་མདུན་གྲལ་དུ་སླེབས་པའི་གནས་བབ་བཟུང་བས། ཐུན་མོང་མ་ཡིན་པའི་ཐོན་ཁུངས་ཀྱི་ལེགས་ཆ་དང་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལྡན་ཞིང་། ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ནས་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་ནས་ཀྱི་ཐོན་འབབ་དང་སྤུས་ཚད་མཐོར་གཏོང་ལ་སྐུལ་སྤེལ་བཏང་སྟེ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་རམ་འདེགས་བྱས་པས་འབྲུ་རིགས་ཀྱི་བདེ་འཇགས་འགན་ལེན་ཏན་ཏིག་ཐུབ་ཡོད།
ཐོན་ལས་དར་རྒྱས་ལས་འཕེལ་རྒྱས་ཀྱི་ཕན་འབྲས་གསར་པ་ཐོན་པ།
ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གྱི་གྲོང་གསེབ་མང་པོ་ཞིག་གིས་ལོ་འཁོར་གྱི་བགོ་འགྲེམས་མཛད་སྒོ་གཅིག་མཇུག་གཉིས་མཐུད་ངང་འཚོགས་ནས་འདས་ཟིན་པའི་ལོ་གཅིག་རིང་གི་གཡུར་དུ་ཟ་བའི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་མ་ཟད། འདི་ལོའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ལ་གྲོས་བསྡུར་བྱས་ནས་གྲོང་ཁྱེར་དེ་ཡོངས་ཀྱི་འབྲོག་ཁུལ་རྩྭ་ར་དང་། ཞིང་ཁྱིམ་གྱི་སྒོ་ར། གྲོང་ཚོའི་སྲང་ལམ་བཅས་སུ་དགའ་སྤྲོའི་རྣམ་པས་ཁེངས་ཡོད།
གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་གཏིང་ཟབ་སྤེལ་བ་དང་ཆབས་ཅིག་གཞིས་རྩེའི་ཡངས་ཤིང་རྒྱ་ཆེ་བའི་ཞིང་འབྲོག་ཁུལ་ལ་འཕོ་འགྱུར་ཆེན་པོ་བྱུང་ཡོད། བསམ་གྲུབ་རྩེ་ཆུས་ཆུ་མིག་ཤང་ལ་ལྷོ་ཞིང་འཕྲུལ་མཉམ་ལས་ཁང་དང་ས་སྐྱ་རྫོང་བྲག་མཇུག་ཤང་ཇོ་མོ་བླ་རི་ཞིང་འཕྲུལ་མཉམ་ལས་ཁང་སོགས་སུ་ཞིང་འབྲོག་མང་ཚོགས་སྔར་ལས་མང་བས་ཐག་ཉེ་ས་དང་སྟབས་བདེ་ས་ནས་ལས་ཞུགས་ཐུབ་སྟེ་ཞིང་འབྲོག་ལས་ཐོན་ལས་འཕེལ་རྒྱས་ལས་བྱུང་བའི་ཕན་པ་ལོངས་སུ་སྤྱོད་བཞིན་ཡོད།
བསྡོམས་རྩིས་ལ་གཞིགས་ན། 2021ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འཕྲུལ་མཉམ་ལས་ཁང་191གིས་ནས་ཀྱི་བརྒྱུད་རིམ་ཧྲིལ་པོར་འཕྲུལ་ཆས་ཅན་དུ་འགྱུར་བའི་བྱེད་སྟངས་ལེགས་སུ་བཏང་བ་དང་ལག་རྩལ་གྱི་ཚད་གཞི་དང་དོ་དམ་བྱེད་སྟངས་ཕྱོགས་བསྡུས་མཐོར་གཏོང་བྱས་པས་གྲོང་ཁྱེར་ཡོངས་ཀྱི་ཞིང་འཕྲུལ་མཉམ་ལས་ཀྱི་ཕྱོགས་བསྡུས་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་ཐུབ་ཅིང་། བློ་ཕུན་ནི་འབྲུ་འདེབས་དུད་ཆེན་ཞིག་ཡིན་ཞིང་། ཁོང་ལ་རྨོ་ཞིང་མུའུ་405ཡོད་པ་ལས་ཁག་གཅིག་མཉམ་ལས་ཁང་ལ་ནང་བཤུག་བཏང་བ་དང་། དེ་འཕྲོ་རང་ཁྱིམ་གྱིས་འདེབས་ཀྱི་ཡོད། འཕྲུལ་ཆས་སྣ་ཚོགས་ལ་བརྟེན་སྟབས་ཁྱིམ་གྱི་ཞིང་ལས་འཁྱུག་ཙམ་ནང་ཚར་གི་ཡོད། བློ་ཕུན་གྱིས“སྔོན་མ་སྟོན་ཐོག་བསྡུ་བར་ཉིན་20ལྷག་ཙམ་འགོར་ཡང་། ད་ཆ་ཉིན་6ཙམ་ནང་ཚར་བས། འཕྲུལ་ཆས་ཅན་གྱིས་ང་ཚོར་དངོས་གནས་སྟབས་བདེ་བསྐྲུན་ཡོད”ཅེས་བཤད།
2022ལོར་གཞིས་རྩེ་གྲོང་ཁྱེར་གྱི་ནས་འདེབས་ཁྱོན་མུའུ་ཁྲི་90ལྷག་ཙམ་དང་ཐོན་འབབ་ཏུན་ཁྲི་40.89ཟིན་པ་དེས་ལྗོངས་ཡོངས་ཀྱི་ཐོན་འབབ་ཀྱི་49.13%བཟུང་བ་དང་། 2023ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ནས་མུའུ་ཁྲི་92འདེབས་པ་དང་། ཐོན་འབབ་ཀྱི་དམིགས་ཚད་ཏུན་ཁྲི་41.38ཟིན་པ། གྲོང་ཁྱེར་ཡོངས་སུ་ནས་ཀྱི་སོན་བཟང་ཁྱབ་སྤེལ་གཏོང་ཁྱོན་མུའུ་ཁྲི་81.89བཀོད་སྒྲིག སོན་བཟང་གསོ་སྤེལ་རྟེན་གཞི་མུའུ་ཁྲི་5.88བསྐྲུན་ནས་སྔོན་དཔག་བྱས་ན་ཐོན་འབབ་རྒྱ་མ་ཁྲི་3500ཟིན་པ་བཅས་བྱ་རྩིས་ཡོད།
ཐབས་མང་མཉམ་སྤྱོད་བྱས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།
རྨོ་ཞིང་ནི་འབྲུ་རིགས་ཀྱི་“སྲོག་རྩ”ཡིན་པ་དང་། རྨོ་ཞིང་གི་སྤུས་ཚད་ནི་འབྲུ་རིགས་བདེ་འཇགས་སྲ་བརྟན་དང་འགན་སྲུང་བྱེད་པའི་གལ་ཆེའི་དམིགས་ཚད་དང་རྨང་གཞིའི་ཆ་རྐྱེན་ཡིན། གཞིས་རྩེ་གྲོང་ཁྱེར་ནི་རང་ལྗོངས་ཀྱི་ཞིང་ལས་ཀྱི་གྲོང་ཁྱེར་ཆེ་གྲས་ཨང་དང་པོ་ཡིན་པའི་ངོས་ནས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་མདུན་གྲལ་དུ་སླེབས་པའི་གནས་བབ་བཟུང་ཡོད། བསྡོམས་རྩིས་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་གཉིས་པའི”ཚུན་ནས་གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་163.46འཆར་འགོད་ལག་བསྟར་བྱས་པ་དེས་གྲོང་ཁྱེར་ཡོངས་ཀྱི་བདག་དབང་གཏན་འཁེལ་གྱི་རྨོ་ཞིང་རྒྱ་ཁྱོན་གྱི་84.28%བཟུང་ཡོད།
རྨོ་ཞིང་གདམ་གསེས་ཐད་གཞིས་རྩེ་གྲོང་ཁྱེར་གྱིས་སྔོན་ལ་ས་རྒྱུ་གཤིན་པོ་འདང་ངེས་དང་། ས་ཁོད་སྙོམས་ཚད་མཐོ་བ། ཞིང་ཆུ་གཏོང་རྒྱུ་འགན་ལེན་བཅས་བྱས་ཏེ་ནས་བཏབ་ཡོད། སོན་རྒྱུ་འདེབས་འཛུགས་ཀྱི་ཆ་རྐྱེན་བཀོད་སྒྲིག་ཐད་ས་རྒྱུ་ཧ་ཅང་གཤིན་པའི་ས་ཁོངས་སུ“ཧི་མ་ལ་ཡ་ནས་ཨང་22པ”དང“བོད་ནས་ཨང་2000པ”སོགས་ཐོན་འབབ་མཐོ་བའི་ནས་སོན་བཏབ་པ་དང་། ས་རྒྱུ་ཅུང་ཞན་པའི་ས་ཆར“བོད་ནས་ཨང་320པ”དང“ཧི་མ་ལ་ཡ་ནས་ཨང་19པ”སོགས་འཕྲོད་ཤུགས་ཆེ་བའི་ནས་སོན་བཏབ་ཡོད། དེ་དང་ཆབས་ཅིག་ས་བཅུད་ཅུང་ཞན་པའི་རྨོ་ཞིང་ལ་དམིགས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འཕྲུལ་ལ་བརྟེན་ནས་ས་སོབ་སོབ་བཟོ་བ་དང་། ཁོད་སྙོམས་པ། ས་རྒྱུར་དཔགས་ནས་རྫས་ལུད་རྒྱག་པ། སྐྱེ་ལྡན་ལུད་མང་དུ་གཏོང་བ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ས་བཅུད་ཆེ་རུ་བཏང་ཡོད།
ནས་ཀྱི་ནད་འབུ་འགོག་བཅོས་ཀྱི་ལག་རྩལ་གསར་པ་ནི་ཐོན་འཕར་ཡོང་བའི་བྱ་ཐབས་གཙོ་བོའི་གྲས་ཤིག་ཡིན། ཉེ་བའི་ལོ་ཤས་རིང་། རྩྭའི་ནད་འབུའི་གནོད་འཚེ་འགོག་བཅོས་ཐད་གཞིས་རྩེ་གྲོང་ཁྱེར་གྱིས“ཞིང་སྨན་ཉུང་དུ་བཏང་ནས་ཕན་འབྲས་ཆེ་རུ་གཏོང་བ”དང་ཆེད་ལས་ཅན་གྱི་མཉམ་འགོག་མཉམ་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ཐོག་མའི་ས་བོན་དང་རིམ་པ་དང་པོ་གཉིས་པའི་ས་བོན་སྐྱེ་འཕེལ་ལས་དོན་ལ་ཤུགས་སྣོན་བརྒྱབ་ཡོད། ནད་འབུ་འགོག་བཅོས་དང་འདེབས་འཛུགས་ལག་རྩལ་མཐོ་རུ་ཕྱིན་པ་དང་ཆབས་ཅིག་ནས་ཀྱི་ས་བོན་གྱི་སྤུས་ཚད་སྔར་བས་ལེགས་སུ་ཕྱིན་ཡོད།
གྲངས་འཛིན་ཅན་ལ་བརྟེན་ནས་ཐོན་ལས་གཅིག་སྡུད་ཚོགས་པ་མགྱོགས་མྱུར་འཕེལ་རྒྱས་བཏང་བ།
གཞིས་རྩེའི་ནས་ཐོན་ལས་གྲངས་གཞི་ཆེ་མོའི་ལྟེ་གནས་སུ་སྐྱོད་སྐབས། དེར་སྐྱེ་དངོས་ཀྱི་རྒྱང་ཚོར་ལྟ་ཞིབ་ཚད་ལེན་དང་། ཞིང་ལས་གནམ་གཤིས། སྐྱེ་དངོས་སྲུང་སྐྱོང་། གྲངས་འཛིན་གྱིས་ས་བོན་བཟོ་བའི་རྟེན་གཞི། གྲངས་འཛིན་གྱི་ཞིང་འཕྲུལ། ཞིང་ཕན་ཞིང་སྐྱོར་སོགས་ཀྱི་བྱེད་སྟངས་ཚང་མ་འཛོམས་ཡོད། གྲངས་འཛིན་ཅན་ལ་བརྟེན་ནས་བརྒྱུད་རིམ་ཧྲིལ་པོར་ཚད་ལྡན་ཅན་གྱི་འདེབས་འཛུགས་ཞབས་ཞུའི་མ་ལག་བསྐྲུན་པ་དང་དྲ་ཐོག་གི་APPདང་དྲ་ཕྱིའི་ཞབས་ཞུ་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་པས། གཞིས་རྩེ་གྲོང་ཁྱེར་གྱི་ནས་ཀྱི་ཐོན་ལས་གཅིག་སྡུད་ཚོགས་པ་འཛུགས་སྐྲུན་དང་ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཞིང་། བསམ་གྲུབ་རྩེ་དང་། རྒྱལ་རྩེ། པ་སྣམ། ས་སྐྱ་སོགས་རྫོང་དང་ཆུས་ལྟེ་བར་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱིས་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་གྱི་རྣམ་གྲངས་དང་། ཞིང་འཕྲུལ་སྒྲིག་ཆས་མཐོར་གཏོང་ལས་གྲྭ སོན་བཟང་གསོ་སྤེལ་རྟེན་གཞི་གཏོད་པ། པེ་ཏ་ཧོང་གི་ཚད་ལྡན་ཅན་གྱི་འདེབས་འཛུགས་ཚོད་ལྟ་སོགས་ཀྱི་རྣམ་གྲངས་མུ་མཐུད་ལག་ལེན་བསྟར་ཏེ། ནས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཐོན་སྐྱེད་འཕྲུལ་ཆས་ཅན་གྱི་འཕེལ་རིམ་ལ་གང་མགྱོགས་སྐུལ་འདེད་བཏང་བས་ནས་ཀྱིས་གཙོ་བོར་བྱས་པའི་འབྲུ་རིགས་ཀྱི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འཁོར་འབྲེལ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་ཕྱིན་ཡོད།
གཞི་ཁྱོན་ཅན་དང་། རྩ་འཛུགས་ཅན། འཕྲུལ་ཆས་ཅན། ཆ་འཕྲིན་ཅན་བཅས་ནི་པེ་ཏ་ཧོང་ཚོགས་པའི་ལེགས་ཆ་ཞིག་རེད། གཞིས་རྩེ་གྲོང་ཁྱེར་གྱིས་ནས་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བ་དང་། སྤུས་ཚད་ལེགས་སུ་གཏོང་བ། འཁྱོག་ནུས་ཆེ་རུ་གཏོང་བ། དཔེ་སྟོན་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཁ་ཕྱོགས་ལ་དམིགས་ཏེ། སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། བྱེད་སྟངས་གསར་པ། ལམ་སྲོལ་གསར་པ་བཅས་ཀྱི“གསར་པ་བཞིའི”དཔེ་སྟོན་ཤུགས་ཆེན་བྱས་ཡོད། 2022ལོར་པེ་ཏ་ཧོང་ཚོགས་པས་གཞིས་རྩེ་གྲོང་ཁྱེར་དུ་མུའུ་577ཡོད་པའི་ནས་འདེབས་འཛུགས་ཁུལ་ནང་བཤུག་བཏང་ནས་དེང་རབས་ཞིང་ལས་ལག་རྩལ་གཅིག་སྡུད་དཔེ་སྟོན་དང་ཁྱབ་གདལ་མགྱོགས་སུ་བཏང་སྟེ། ནས་འདེབས་འཛུགས་ཚད་ལྡན་ཅན་གྱི་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་ཁྲིད་བྱས་ཡོད།
ལོ་ངོ་སུམ་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་གནའ་བོའི་བཟའ་འབྲུ་ནས་ད་ཆ་བོད་ཀྱི་ཞིང་ལས་ཁྱབ་ཁོངས་ཀྱི“བཟའ་འབྲུ་གསར་པའི”བར་འཕེལ་རྒྱས་ཕྱིན་ནས་གསེར་མདོག་གི་སྙེ་མའི་མགོ་བོ་དུད་པ་ལས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་མི་སེར་ལ་སྔར་བས་བདེ་སྐྱིད་ཐོབ་ནས་གྲོང་གསེབ་དར་རྒྱས་ཀྱི་གཞིས་རྩེའི་ལེའུ་རྩོམ་བཞིན་ཡོད།