གྲོང་གསེབ་ཀྱི་མཉམ་སྡེབ་རྒྱུ་ནོར་ནི་གྲོང་གསེབ་དར་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་བྱེད་པའི་དངོས་པོའི་རྨང་གཞི་དང་འདེགས་སྐྱོར་གལ་ཆེན་ཞིག་རེད། ལྷུན་གྲུབ་རྫོང་ཆུ་ཁ་བྱང་གྲོང་ཚོ་ཨུ་ལྷན་གྱིས་གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཀྱི་དཀའ་གནད་སེལ་རྒྱུ་དེ་གྲོང་གསེབ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ནས་རང་ངོས་ཀྱི་ལེགས་ཆའི་ཁྱད་ཆོས་ལ་གཞིགས་པ་དང་། དོན་དངོས་དང་ཟུང་འབྲེལ་བྱས་ནས“དབུལ་སྒྲོལ་སྲ་བརྟན་དང་ཞིང་ལས་འཕྲུལ་ཆས་ཅན་གྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་འདེགས་ཞུ་བ་ཟུང་འབྲེལ”གྱིས། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་སྟོབས་ཆེར་གཏོང་བར་སྐུལ་འདེད་གཏོང་བའི་འཕེལ་རྒྱས་གཏོང་སྟངས་བཏོན་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་སྲ་བརྟན་དང་རྒྱ་ཆེར་བཏང་བ་དང་། “ཐོན་ཁུངས་གང་འགབ་ཅི་སྤྱོད་དང་གྲོང་ཚོའི་ཡུལ་བབ་དང་བསྟུན་པ་དང་། ཐབས་མང་མཉམ་སྤྱོད་དང་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཞིང་ལས་འཕེལ་རྒྱས་གཏོང་བའི”འཕེལ་རྒྱས་བསམ་ཕྱོགས་ལ་གཞིགས་ནས་ས་གནས་ཀྱི་ཐོན་ཁུངས་བེད་སྤྱོད་དང་རྣམ་གྲངས་ཀྱི་མ་དངུལ་བསྡུ་སྒྲིལ་གང་ལེགས་བྱས་ཏེ། འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་དམ་འཛིན་གྱིས་ཞིང་འབྲོག་མང་ཚོགས་ཀྱིས་འཕྲུལ་ཆས་ཅན་གྱི་ཞིང་ལས་ལག་ལེན་ཤུགས་ཆེན་བསྟར་བར་ཁྲིད་སྟོན་དང་། ཞིང་འཕྲུལ་མཉམ་ལས་ཁང་གི་གཞི་ཁྱོན་རྒྱ་ཆེར་གཏོང་བ། གྲོང་གསེབ་ཀྱི་ཆེད་ལས་མཉམ་ལས་དཔལ་འབྱོར་རྩ་འཛུགས་འཛུགས་པ། མཉམ་ལས་བྱས་ནས་ཡོང་སྒོ་གཏོད་པ་བཅས་ཀྱི་སྒོ་ནས་གྲོང་ཚོ་རིམ་པའི་མཉམ་སྡེབ་དཔལ་འབྱོར་ཟམ་མི་ཆད་པར་འཕེལ་རྒྱས་འགྲོ་བ་དང་སྟོབས་ཆེར་འགྱུར་བར་བྱས་ནས་ཡུལ་མིའི་ཡོང་སྒོ་མང་དུ་བཏང་བ་རེད།
ལྷུན་གྲུབ་རྫོང་ཆུ་ཁ་བྱང་གྲོང་ཚོར་རྒྱུན་སྡོད་དུད་ཚང་111དང་། མི་གྲངས་548 ས་ཞིང་རྒྱ་ཁྱོན་མུའུ་6228.1བཅས་ཡོད་པས། མི་གྲངས་ཉུང་ལ་ས་རྒྱ་ཆེ་བའི་དཔེ་མཚོན་ཞིག་རེད། 2018ལོའི་གོང་དུ་ཞིང་དུད་ལ་ངལ་རྩོལ་ནུས་ཤུགས་མི་འདང་བའི་དབང་གིས་རྨོ་ཞིང་མང་ཆེ་བ་ས་རྒོད་དུ་གྱུར་བར་བརྟེན། ཆུ་ཁ་བྱང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཡིན་པའི་ཆུང་ཆུང་གི་སེམས་ལ་དངངས་འཚབ་ཆེན་པོ་སྐྱེས། གྲོང་ཚོ་ཡོངས་སུ་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཞིང་ལས་ཞབས་འདེགས་ཞུ་བའི་གཞི་ཁྱོན་སྔར་བས་འཕེལ་རྒྱས་གཏོང་ཆེད། ལྷ་ས་གྲོང་ཁྱེར་དང་ལྷུན་གྲུབ་རྫོང་རིམ་པ་གཉིས་ཀྱི་ཞིང་ལས་སྡེ་ཚན་གྱི་ཤུགས་ཆེའི་རྒྱབ་སྐྱོར་ལ་བརྟེན་ནས་ཆུང་ཆུང་གིས་གྲོང་ཚོ་དེ་གའི་ཞིང་འཕྲུལ་དུད་ཆེན་5ཡི་སྣེ་ཁྲིད་དེ། 2018ལོའི་ཟླ་7ཚེས་12ཉིན་ལྷུན་གྲུབ་ཆུ་ཁ་བྱང་གྲོང་ཚོའི་ལྷོ་མ་ཚང་གི་ཞིང་འཕྲུལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་བཙུགས་ཤིང་། ལོ་ཁ་ཤས་རིང་འཛུགས་སྐྲུན་རྒྱུན་མི་ཆད་པར་བྱས་པ་བརྒྱུད། མིག་སྔར་མཉམ་ལས་ཁང་དེ་ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཞབས་འདེགས་ཞུ་བའི་ཚད་གཞིར་སླེབས་ནས། 2020ལོར་རང་སྐྱོང་ལྗོངས་མཉམ་ལས་ཁང་གི་སྔོན་ཐོན་བྱ་དགའ་ཐོབ་པ་དང་། 2021ལོར་ལྷ་ས་གྲོང་ཁྱེར་རིམ་པའི་དཔེ་སྟོན་མཉམ་ལས་ཁང་གི་གཟི་བརྗིད་ལག་ཁྱེར་ཐོབ་པ་རེད།
རྨོ་ཞིང་ས་རྒོད་དུ་གྱུར་པའི་སྣང་ཚུལ་ལེགས་སུ་གཏོང་ཆེད། ཆུ་ཁ་བྱང་གྲོང་ཚོའི་ལྷོ་མ་ཚང་ཞིང་འཕྲུལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གིས་གྲོང་ཚོ་ཡོངས་ཀྱི་རྒྱུན་སྡོད་དུད་ཚང་111གི་ནས་དང་། གྲོ ཡུག་པོ་བཅས་བཏབ་པའི་ས་ཞིང་མུའུ་6228.1ལ་ཤལ་བ་འདྲུད་པ་དང་། འདེབས་འཛུགས་བྱེད་པ། སྨན་རྒྱག་པ། བརྔ་བསྡུ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཞབས་འདེགས་ཞུས་ནས། གྲོང་ཚོ་དེ་གའི་ས་རྒོད་གསར་སྤེལ་ཧུར་ཐག་བྱས་ཤིང་། མིག་སྔའི་བར་ས་རྒོད་མུའུ་3100གསར་སྤེལ་བྱས་ཟིན་ནས་ཡུག་པོ་བཏབ་ཡོད་པ་རེད།
2019ལོར་གྲོང་ཚོ་ཡོངས་ཀྱིས་ས་ཞིང་མུའུ་4500ལ་ཡུག་པོ་བཏབ་སྟེ་གཟན་རྩྭ་ཁོ་ན་ལས་ཡོང་འབབ་སྒོར་ཁྲི་616ལྷག་ཙམ་དང་། དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་ཁྲི་5ལྷག་ཙམ་བྱུང་བ་དང་། མཉམ་ལས་ཁང་གིས་མང་ཚོགས་ལ་ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་གྱི་ཞབས་འདེགས་ཞུས་པ་དང་། གྲོང་ཚོ་དེ་གའི་ངལ་རྩོལ་ནུས་ཤུགས་སྒྲིག་འཛུགས་བྱས་ཏེ་ཕྱིར་ལས་རིགས་གསོ་སྦྱོང་བྱེད་པར་བཏང་ཞིང་། ཁ་ལོ་བ་དང་། སྔོག་འདོན་འཕྲུལ་འཁོར་དང་ས་བླུག་འཕྲུལ་འཁོར་གྱི་ཁ་ལོ་བ། མ་བྱན་སོགས་གསོ་སྦྱོང་བྱས་པ་བརྒྱུད། གྲོང་ཚོ་དེ་གའི་ངལ་རྩོལ་ནུས་ཤུགས་ལས་ཞུགས་གཞན་སྒྱུར་ཐུབ་ནས་མང་ཚོགས་ལ་གླ་པ་རྒྱུག་པའི་ཡོང་འབབ་མང་དུ་ཕྱིན་ཡོད། མཉམ་ལས་ཁང་གིས་ཕྱོགས་ཡོངས་ཀྱི“མགོ་མཇུག་གཙང་སྒྲིལ”རྣམ་པའི་ཞབས་ཞུ་བརྒྱུད། ངལ་རྩོལ་ནུས་ཤུགས་མི་འདང་བའི་དབང་གིས་ས་ཞིང་ས་རྒོད་དུ་གྱུར་པའི་གནས་ཚུལ་རྦད་དེ་ཐག་གཅོད་བྱུང་ནས་འབབ་འཕར་གྱི་བྱེད་ཐབས་ཟམ་མི་ཆད་པར་བཏོད་པས་མང་ཚོགས་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ཡོད།
མིག་སྔར་ཆུ་ཁ་བྱང་གྲོང་ཚོའི་ལྷོ་མ་ཚང་ཞིང་འཕྲུལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་ལ་ཞིང་ལས་འཕྲུལ་ཆས་སྣ་ཚོགས་147ཡོད་པས་ཞིང་ལས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་དུ་གྱུར་ཡོད། མཉམ་ལས་ཁང་གི་ཞིང་འཕྲུལ་ལས་སྒྲུབ་ལག་རྩལ་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ལས་ཀའི་སྤུས་ཚད་འགན་ལེན་བྱས་ནས་འཕྲུལ་ཆས་དུས་ཐོག་ཏུ་བདག་སྐྱོང་ཉམས་གསོ་འགན་ལེན་བྱས་ཏེ། མཉམ་ལས་ཁང་དང་ཞིང་འཕྲུལ་མཁོ་འདོན་ཚོང་པའི་དབར་བརྒྱུད་རིམ་ཧྲིལ་པོའི་ལག་རྩལ་འགན་ལེན་གྱི་ལམ་སྲོལ་བཙུགས་པ་དང་། ས་གནས་ས་ཐོག་གི་ཚོགས་འདུ་དང་གསོ་སྦྱོང་ཚོགས་འདུ་འཚོགས་པ་བརྒྱུད། ཞིང་འཕྲུལ་བདེ་འཇགས་ཀྱི་ཤེས་བྱ་དང་། འཕྲུལ་ཆས་ཉམས་གསོ་བདག་སྐྱོང་། ཞིང་ནང་བཀོལ་སྤྱོད་བཅས་ཀྱི་ནང་དོན་གཙོ་བོའི་གསོ་སྦྱོང་བྱས་པར་བརྟེན། མིག་སྔར་ཞིང་འཕྲུལ་གཏོང་མཁན་200ལྷག་ཙམ་གསོ་སྦྱོང་ལ་ཞུགས་ཐུབ་པ་དང་། མཉམ་ལས་ཁང་གིས་ཞིང་བྲེལ་དུས་ཚིགས་སུ་ཆེད་མི་སྒྲིག་འཛུགས་བྱས་ནས་ཞིང་དུད་ལ་འདེབས་འཛུགས་དང་སྨན་གཏོར་བ་སོགས་ཀྱི་ཞིང་ནང་གཡོག་བྱེད་ལག་རྩལ་མཛུབ་ཁྲིད་བྱས་ནས་ཞིང་ལས་ཐོན་སྐྱེད་ཀྱི་བདེ་འཇགས་འགན་ལེན་བྱས་པ་རེད།
ཕྱོགས་གཞན་དག་ནས་མཉམ་འབྲེལ་དང་ཁྱབ་ཁོངས་རྒྱ་ཆེར་གཏོང་ཆེད། ཆུ་ཁ་བྱང་གྲོང་ཚོ་ལྷོ་མ་ཚང་ཞིང་འཕྲུལ་འདེབས་འཛུགས་ཆེད་ལས་མཉམ་ལས་ཁང་གི་ཞིང་འཕྲུལ་ཞབས་འདེགས་གྲོང་ཚོ་དེ་རང་ལ་ཞུ་རྒྱུ་ལྟེ་བར་བྱས་ནས་བྱེ་མ་གྲོང་ཚོ་དང་། ལན་པོ་གྲོང་ཚོ། བྱང་ཁ་གྲོང་ཚོ་སོགས་མཐའ་འཁོར་ས་ཁུལ་དུ་ཁྱབ་འགྱེད་བཏང་བ་མ་ཟད། ཞབས་འདེགས་ཞུ་བའི་མཉམ་ལས་ཀྱི་འབྲེལ་བ་ཡང་བཙུགས་ཤིང་། 2021ལོར་ཆུ་ཁ་བྱང་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ཁྱོན་སྒོར་ཁྲི་564དང་གཏན་འཇགས་རྒྱུ་ནོར་སྒོར་ཁྲི་1000ཟིན་ཡོད།
མཉམ་ལས་ཁང་གིས་ཞིང་ལས་ཀྱི་བརྒྱུད་རིམ་ཧྲིལ་པོའི་འཕྲུལ་ཆས་ཅན་དུ་འགྱུར་བར་བྱེད་པ་དང་སྦྲགས་གྲོང་གསེབ་དར་རྒྱས་དང་སྡོད་མལ་ཁོར་ཡུག་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ཡོད། ཞིང་དལ་སྐབས་མང་ཚོགས་ཀྱི་རྒྱུན་གཏན་འགྲོ་སྐྱོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད། མཉམ་ལས་ཁང་གི་འཕྲུལ་ཆས་ཀྱིས་ས་ཁོངས་སྒྲོལ་བའི་རྫོང་དང་ཤང་གི་གཞུང་ལམ་ཉམས་བཟོ་བྱས་པ་དང་། ལོ་ལྟར་གྱི་ཆར་དུས་སུ་གྲོང་ཚོ་བརྒྱུད་པའི་ཆུ་བོ་གཉིས་ཀྱི་སྟོད་རྒྱུད་དུ་ཆུ་ལོག་ཐོན་མང་བ་དང་། མང་ཚོགས་ཀྱི་ས་ཞིང་ཆུས་ཁྱེར་བ། ལོ་ཏོག་བསྣུབས་པ་སོགས་ཀྱི་མངོན་མེད་རྐྱེན་ངན་ཡོད་སར་མཉམ་ལས་ཁང་གིས་ཆུ་ལམ་བཤངས་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་པ་རེད།
ཆུང་ཆུང་གིས་སྔོན་མའི་གཉེར་སྐྱོང་གི་ལག་ལེན་ལ་བརྟེན་ནས་མཉམ་ལས་ཁང་གིས་སླད་ཕྱིན་འཕེལ་རྒྱས་ཀྱི་ཁ་ཕྱོགས་དང་ནང་དོན་ཁ་གསལ་བཟོས་ཡོད། དེ་ནི་བློ་གཅིག་སེམས་གཅིག་གིས་གྲོང་ཚོ་དེ་ག་དང་དེ་བཞིན་ས་གནས་དེ་གའི་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་བཏང་ནས་ཞིང་པ་གང་མགྱོགས་ཕྱུག་འགྱུར་ཡོང་བར་ཞབས་འདེགས་ཞུ་ཆེད་ཡིན་ཞེས་བཤད།