བོད་ལྗོངས་ཀྱི་གྲོང་གསེབ་གཉིས་སླར་ཡང་རྒྱལ་ཡོངས་ཀྱི“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་གྲས་སུ་ཚུད་པ།
ཉེ་དུས། ཞིང་ལས་གྲོང་གསེབ་པུའུ་ཡིས་རྒྱལ་ཡོངས་ཀྱི“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་མིང་ཐོ་ཁག་བཅུ་གཉིས་པ་ཁྱབ་བསྒྲགས་བྱས་ཤིང་། རང་ལྗོངས་ནས་ཆབ་མདོ་གྲོང་ཁྱེར་ཁ་རུབ་ཆུས་ཀརྨ་ཤང(ཐང་ག)དང་གཞིས་རྩེ་གྲོང་ཁྱེར་པ་སྣམ་རྫོང་དབང་ལྡན་ཤང་བཟང་པ་གྲོང་ཚོ(ཀོ་ཆས)ཚུད་ཡོད་པ་རེད། མིག་སྔའི་བར་ལྗོངས་ཡོངས་ཀྱི“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་གྲངས་འབོར་49བར་ཟིན་ཡོད་པ་རེད།
“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་གྱི་འཛུགས་གཏོད་ལས་དོན་ནི་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་བ་དང་ཞིང་པའི་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་རེད་ལ། གྲོང་གསེབ་ཐོན་ལས་གཅིག་སྡུད་ཅན་དང་། ཚད་ལྡན་ཅན། གཞི་ཁྱོན་ཅན། སྤུས་རྟགས་ཅན་བཅས་སུ་འཕེལ་རྒྱས་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་ཀྱང་རེད། ལྗོངས་ཡོངས་ཀྱི“གྲོང་ཚོ་རེ་ལ་སྤུས་རྟགས་རེའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་་འཛུགས་གཏོད་ལས་དོན་ལ་ཤུགས་སྣོན་རྒྱག་ཆེད། རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་ཁྱད་ལྡན་འདེབས་འཛུགས་དང་། ཁྱད་ལྡན་འདེབས་གསོ། ཁྱད་ལྡན་བཟའ་བཅའ་ལས་སྣོན། ཁྱད་ལྡན་རིག་གནས(སྲོལ་རྒྱུན་ལག་ཤེས་བཟོ་རྩལ་དང་དམངས་སྲོལ་རིག་གནས) ལས་རྣམ་གསར་པ(སྤྲོ་གསེང་ཡུལ་སྐོར་དང་། ཁྱིམ་ཚང་མགྲོན་ཁང་། དྲ་ཐོག་ཚོང་དོན)སོགས་ལ་དམིགས་པ་དང་། ཁྱད་ཆོས་མངོན་གསལ་དོད་པ་དང་། སྤུས་ཚད་དང་ཕན་འབྲས་མངོན་གསལ་དོད་པ། ཞིང་སྦྲེལདང་ཞིང་པ་སྣེ་ཁྲིད་དམ་ཟབ་བཅས་ལ་དམིགས་ནས། ཁྱད་ལྡན་གྲོང་ཚོ་དང་གྲོང་རྡལ་མཉམ་འདྲེས་འཕེལ་རྒྱས་ཡོང་བ་གཞི་རྩའི་ཆ་ནས་མངོན་འགྱུར་དང་། ཁྱབ་འགྱེད་སྐུལ་ཁྲིད་ནུས་པ་ཅུང་ཆེ་བའི་སྲིད་འཛིན་གྲོང་ཚོ་དང་སྲིད་འཛིན་གྲོང་རྡལ་ཡོད་པ། དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་འཛུགས་གཏོད་ལ་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། རང་ལྗོངས་ཀྱི“ཡུལ་ཟོག”གི་ལས་དོན་ཡག་པོ་བསྒྲུབ་རྒྱུར་སྔར་བས་སྐུལ་འདེད་བཏང་ཡོད་པ་རེད།