ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་3ཚེས་1ཉིན་གློག་འཕྲིན་འབྱོར་གསལ། བོད་རུམ་ནི་འཛམ་གླིང་དུ་སྐད་གྲགས་ཆོད་པའི་ས་གདན་ཆེན་པོ་གསུམ་གྱི་གྲས་ཤིག་ཡིན་པ་དང་། དེའི་ལག་ཤེས་རྒྱུན་འཛིན་ལ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་ཡོད། བོད་རུམ་གྱི་སྤུས་ཚད་ལེགས་པ་དང་། བཟོ་རྩལ་ཐུན་མོང་མ་ཡིན་པ། བཟོ་ལྟ་མཛེས་པ་བཅས་ཡོད་པས་རྒྱལ་ཕྱི་རྒྱལ་ནང་གི་སྐུ་མགྲོན་ཚོས་དགའ་པོ་བྱེད་ཀྱི་ཡོད།
ཡིན་ནའང་རིམས་ནད་སོགས་ཀྱི་ཤུགས་རྐྱེན་དབང་གིས་འདས་ཟིན་པའི་ལོ་གཉིས་གསུམ་རིང་བོད་རུམ་གྱི་ཁྲོམ་ར་ཧྲིལ་པོ་བྲིན་ཁ་རྒྱུག་པོ་བྱུང་མེད། མཚོ་སྔོན་ཧྲེང་ཡོན་ས་གདན་ཚོགས་པའི་ཏུང་ཧྲི་ཀྲང་ཤུའེ་ཐིང་གིས། ཉེ་བའི་ལོ་གསུམ་རིང་མགྲོན་ཁང་དང་སྤྲོ་གསེང་གྲུ་གཟིངས་ཀྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚད་ཉུང་དུ་ཕྱིན་པ་དང་། ས་གདན་གསར་པའི་དགོས་མཁོ་རིམ་བཞིན་ཆུང་དུ་ཕྱིན་ནས“ན་ནིང་ང་ཚོར་ཕྱིར་བཙོངས་དངུལ་འབོར་སྒོར་ཁྲི་7300ཙམ་ལས་མི་ཟིན་པ་དེ་རིམས་ནད་འགོ་མ་ཚུགས་གོང་གི་2019ལོ་ལས་30%ཆག་ཡོད”ཅེས་ངོ་སྤྲོད་བྱས།
ཁྲོམ་རའི་དགོས་མཁོར་འགྱུར་ལྡོག་འགྲོ་བར་བརྟེན་གསར་གཏོད་བྱས་ཚེ་རང་འགུལ་དབང་ཆ་བཟུང་ཐུབ་ནས་ཁྲོམ་རར་རྒྱལ་ཁ་ཐོབ་ངེས་རེད། ཧྲེང་ཡོན་ས་གདན་འཁོར་ཁང་དུ་ལས་མིས་གློག་ཀླད་ཀྱིས་རི་མོ་བཟོ་བའི་མཉེན་ཆས་དང་ཚོང་ཤག་གི་རེ་བ་ཟུང་འབྲེལ་བྱས་ནས་རི་མོ་འཆར་འགོད་བྱས་པས། ས་གདན་གྱི་བཟོ་དབྱིབས་དང་རི་མོ་གང་འདྲ་དགོས་པ་ཞིབ་ཕྲ་ཐོན་ནས་བོད་རུམ་སྤུས་ལེགས་འཐག་རྒྱུར་འགན་ལེན་བྱུང་ཡོད།
“ང་ཚོས་ཚོང་ཤག་གི་དགོས་མཁོར་བསྟུན་ནས་འགྱུར་ལྡོག་གཏོང་བཞིན་ཡོད”ཅེས་སྤྱིའི་ཇུས་འགོད་ལྟ་སྐུལ་བ་ཁྲེ་ཀོ་ལུང་གིས་བཤད་པ་དང་། ཁོང་གིས། ང་ཚོས“འཕྲུལ་འཁོར་དང་ལས་མི་ཟུང་དུ་འབྲེལ་བའི”རུམ་འཐག་སྟངས་འཚོལ་ཞིབ་བྱས་པས་སྔོན་མ་བོད་རུམ་གྱི་མ་གནས་ལ་སྨི་ངོས་གྲུ་རེར་སྒོར་2000ཟིན་པ་ནས་སྒོར་200བར་ཆག་པ་མ་ཟད། བོད་རུམ་གྱི་ཐོག་མའི་སྤུས་ཚད་དང་མཛེས་ཉམས་རྒྱུན་འཁྱོངས་ཐུབ་ཡོད། སྲོལ་རྒྱུན་གྱི་ལག་ཤེས་མི་སྣས་ས་གནས་ས་ཐོག་ཏུ་ཇེམ་ཙེ་བརྒྱབ་པ་ལས་འཕྲུལ་འཁོར་གྱིས་བཏགས་པའི་ཕན་འབྲས་ཆེ་བ་ཡོད་ཅེས་ངོ་སྤྲོད་བྱས།
མིག་སྔར་ལོ་ན་ཆུང་བའི་ཚོང་ཤག་གི་ཁྱིམ་སྡོད་ཀྱི་སྐྱིད་སྣང་དང་མི་སྒེར་གྱི་དགོས་མཁོ་ཆེ་རུ་འགྲོ་བར་དམིགས་ནས། ཧྲེང་ཡོན་ས་གདན་ཀུང་སིས་ན་ནིང་ནས་བཟུང“བབ་བསྟུན་ཐོན་སྐྱེད”བྱེད་སྟངས་ཕྱོགས་ཡོངས་ནས་འཚོལ་ཞིབ་བྱེད་འགོ་ཚུགས།
“ང་ཚོས་སོ་སོའི་ཁྱད་ཆོས་ལྡན་པའི་རྒྱན་སྤྲོས་ཀྱི་ས་གདན་འདྲ་མིན་གསར་སྤེལ་བྱེད་བཞིན་ཡོད་པས། ཚོང་ཤག་གི་མཛེས་བཟོའི་རྣམ་པ་དང་དགའ་མོས་ལ་གཞིགས་ཏེ། དེ་མཚུངས་ཀྱི་ས་གདན་གྱི་རི་མོ་དང་རྒྱུ་ཆ་ཆ་འགྲིག་ཡོང་བ་བྱེད་ཆོག་གི་ཡོད་ལ། ཆེ་ཆུང་ཡང་གཏན་འཁེལ་བྱེད་ཆོག”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་གཞོན་པ་ལི་ལིན་གྱིས་བཤད་པ་དང་། ཁོང་གིས་ད་ཆ་ཚོང་ཤག་གིས་རྒྱུ་ཆ་དང་། རི་མོ། བཟོ་ལྟ་བཅས་གང་དགོས་པ་ཚང་མ་འཁོར་ཁང་གིས་དེ་ལྟར་བཟོ་ཐུབ་ལ། དུས་ཚོད་རིང་ཤོས་ལའང་གཟའ་འཁོར་གཉིས་ལས་མི་འགོར་བར་ཚོང་ཤག་ལ་སྤྲོད་ཐུབ་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
ཧྲེང་ཡོན་ས་གདན་ཀུང་སིའི་དཔེ་སྟོན་སྣེ་ཁྲིད་ལ་བརྟེན་ནས་ཟི་ལིང་གྲོང་ཁྱེར་གྱིས་གླིང་ཁུལ་གྱི་བོད་རུམ་ཁེ་ལས་རིམ་སྤོར་གང་མགྱོགས་བྱེད་པར་སྣེ་ཁྲིད་བྱས་ནས་ཁྲོམ་རའི་དགོས་མཁོ་དང་འཚམ་པར་བྱུང་ཡོད། ཟི་ལིང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་རྒྱུན་ལས་ཀྲུའུ་རེན་གཞོན་པ་ཝེ་པའོ་ཧྲན་གྱིས། ཟི་ལིང་གིས་མུ་མཐུད་བསྐྱར་སྒྲིག་ལེགས་སྒྲིག་བྱས་ནས་བོད་རུམ་འཁེལ་འཐག་ཐོན་ལས་སྤུས་ལེགས་དང་སྤུས་དག་ཡོང་བ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་བཏང་ནས“ལོ་ལྔ་ཚན་བཅུ་བཞི་པའི”མཇུག་ཏུ་བོད་རུམ་ཐོན་ལས་ཀྱི་ལོའི་ཐོན་སྐྱེད་རིན་ཐང་སྒོར་དུང་ཕྱུར་10ལས་བརྒལ་བར་སྐུལ་འདེད་བཏང་སྟེ། བོད་རུམ་གྱི་ལག་ཤེས་པ་སྔར་བས་མང་བར་འབབ་འཕར་ཕྱུག་འགྱུར་ཡོང་བར་སྣེ་ཁྲིད་ཐུབ་ངེས་རེད་ཅེས་ངོ་སྤྲོད་བྱས།