དབུ་ཤོག>ཞིང་འབྲོག་གསར་པ།
  • གྲོང་གསེབ་དར་རྒྱས་ཀྱི་གོམ་སྟབས་བརྟན་པོ་སྤོས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-28

    ཐོན་ལས་དར་རྒྱས་གཏོང་བ་ནི་གྲོང་གསེབ་དར་རྒྱས་གཏོང་བའི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་མཚོ་སྟོད་ཤང་མཚོ་སྟོད་གྲོང་ཚོས་ས་གནས་དེ་གའི་ཐོན་ཁུངས་ཀྱི་དམིགས་བསལ་ལེགས་ཆར་གཞི་ཚུགས་ནས་གསར་གཏོད་དང་འཚོལ་ཞིབ་བྱས་ཏེ། གཟན་རྩྭ་འདེབས་པ་དང་། ཁམ་སྡོང་འཛུགས་པ། ས་ཕག་བཟོ་གྲྭ་འཛུགས་པ་བཅས་བྱས་པས་གྲོང་གསེབ་ཀྱི་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་ཡོད།

    2020ལོར་མཚོ་སྟོད་གྲོང་ཚོས་ཀྲུང་དབྱང་རྩ་འཛུགས་པུས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ཐད་བཏང་བའི་རོགས་སྐྱོར་མ་དངུལ་སྒོར་ཁྲི་50སྤྱད་དེ་ས་མཐོའི་གཟན་རྩྭ་སྤུས་ལེགས་འདེབས་པའི་རྣམ་གྲངས་ལག་ལེན་བསྟར་ཡོད། དེའི་ཐད་གྲོང་མི་མི་ཉུང་བ་ཞིག་གིས་འབྲུ་རིགས་མ་བཏབ་པར་གཟན་རྩྭ་བཏབ་ཚེ་ཡོང་འབབ་གསོག་ཐུབ་མིན་གྱི་ཐེ་ཚོམ་བྱེད་ཀྱི་ཡོད།

    གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་ངང་རྒྱུད་རིང་པོས་བསམ་བློའི་སློབ་གསོ་ཞིབ་ཚགས་བཏང་བ་བརྒྱུད། རྣམ་གྲངས་དེ་བདེ་བླག་ངང་སྤེལ་ཐུབ་ཡོད། ལོ་དེར་རྩྭ་སྐམ་པོའི་ཐོན་འབབ་རྒྱ་མ་1000ལྷག་ཙམ་ཟིན་ཏེ་རྫོང་ཡོངས་ནས་ཨང་དང་པོར་སླེབས་པས་གྲོང་མི་ཚོའི་སེམས་པ་ལྷོད་ལ་བབས།

    2021ལོར་མཚོ་སྟོད་གྲོང་ཚོས་གཟན་རྩྭ་སྔར་བས་མང་བ་བཏབ་པས་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་འཕར་ཡོད།

    2022ལོར་མཚོ་སྟོད་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལ་ཡོང་འབབ་སྒོར་ཁྲི་400ལྷག་ཙམ་བྱུང་བ་ལས། ཡོང་འབབ་མང་ཆེ་བ་གཟན་རྩྭ་བཏབ་ནས་བྱུང་བ་ཞིག་རེད། 2022ལོའི་ལོ་སྨད་དུ་རིམས་ནད་ཐོན་རིང་། གྲོང་མིའི་གཟན་རྩྭ་ཉོ་དཀའ་བའི་གནད་དོན་ཐག་གཅོད་བྱ་ཆེད། མཚོ་སྟོད་གྲོང་ཚོས་ཚོགས་ཆུང་རེ་རེའི་མི་གྲངས་ལ་གཞིགས་ནས་གཟན་རྩྭ་བགོས་པས་གྲོང་མི་ཚོས་གདེང་འཇོག་བཟང་པོ་བྱས་ཡོད།

    གཟན་རྩྭ་འདེབས་པའི་རྣམ་གྲངས་ཀྱིས་ལོ་ལྟར་གྲོང་མི་ཚོར་བགོ་འགྲེམས་རག་སྟེ་ཚང་མར་ཕན་པ་དངོས་ཐོབ་ཡོད། ཕན་པ་ཐོབ་རྗེས་གྲོང་མི་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། གཟན་རྩྭ་བཏབ་པར་གྲུབ་འབྲས་ཐོབ་པའི་ཉམས་མྱོང་བཟང་པོ་ཡོད་པས་མཚོ་སྟོད་གྲོང་ཚོས་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་ཀྱི་ཡོད། གྲོང་ཚོའི་ཐང་རྒོད་མུའུ་200ཡོད་པས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མིས་གྲོས་བསྡུར་བྱས་པ་བརྒྱུད། ཁམ་སྡོང་འདེབས་པའི་ཐག་བཅད། མཚོ་སྟོད་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བསྟན་འཛིན་ཕུན་ཚོགས་ཀྱིས“ང་ཚོའི་གྲོང་ཚོའི་གནས་ཚུལ་དངོས་ལ་གཞིགས་ནས། 2022ལོར་ང་ཚོས་ཤིང་འཛུགས་ནགས་བཟོའི་བསམ་ཚུལ་བཏོན་ཏེ། གྲོང་མི་སྒྲིག་འཛུགས་བྱས་ནས་ཁམ་སྡོང་འདེབས་འགོ་བཙུགས་པ་ཡིན། རྫོང་གིས་ང་ཚོའི་ཤིང་འཛུགས་ནགས་བཟོའི་རྣམ་གྲངས་ལ་སྒོར་ཁྲི་70བཏང་བ་དང་། སྡོང་ཕྲུག་ཉོས་པ་མ་ཟད། ཞིང་ཁའི་ནང་དུ་ཁྲོན་པ་དྲུས་ཏེ་ཞིང་ཆུ་འདྲེན་པའི་གནད་དོན་ཐག་གཅོད་བྱས་ཡོད”ཅེས་བཤད།

    “ལོ་དེར་ཁམ་སྡོང་ལ་འབྲས་བུ་འདོགས་ཚད་98%ཟིན་ཡོད། ལོ་གསུམ་སོང་རྗེས་ཁམ་སྡོང་སྤྱི་ཡོངས་སྐྱེ་འཚར་ཡག་པོ་བྱུང་ཚེ། ཁམ་སྡོང་རེ་ནས་ཁེ་བཟང་སྒོར་50ཙམ་ཡོང་གི་རེད། དེ་ལྟར་བྱུང་ན་ང་ཚོས་མུ་མཐུད་ཁམ་སྡོང་བཏབ་སྟེ་ཐོན་ལས་འཁོར་འབྲེལ་རྒྱ་ཆེར་བཏང་ནས་གྲོང་མི་ཚོ་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་ཀྱི་རེད”ཅེས་བསྟན་འཛིན་ཕུན་ཚོགས་ཀྱིས་བཤད།

    ཉེ་བའི་ལོ་ཤས་རིང་ལྷུན་གྲུབ་རྫོང་གིས“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་ཞིང་སྐྱིད་པའི་ཁྱིམ་གཞིས”ཀྱི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ཡོད། རྫོང་རིམ་པའི“མཛེས་སྡུག་ལྡན་པའི་གྲོང་གསེབ·བདེ་ཞིང་སྐྱིད་པའི་ཁྱིམ་གཞིས”རྣམ་གྲངས་ཀྱི་དཔེ་སྟོན་ས་ཚིགས་མཚོ་སྟོད་གྲོང་ཚོའི་དུད་ཚང་80ཡིས་སྡོད་ཁང་གསར་སྐྲུན(བསྐྱར་སྐྲུན)གྱི་སྲིད་ཇུས་ལོངས་སུ་སྤྱད་ཡོད། དེའི་དབང་གིས་མཚོ་སྟོད་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་ལ་སླར་ཡང་འབབ་འཕར་ཐབས་ལམ་གསར་པ་ཞིག་རྙེད་པ་སྟེ། ས་ཕག་བཟོ་གྲྭ་བཙུགས་པ་རེད།

    “ཁང་པ་རྒྱག་སྐབས་རྒྱུ་ཆ་དགོས་ཀྱི་རེད། ཕྱི་ནས་ཉོས་པ་ལས་སོ་སོས་ཐོན་སྐྱེད་བྱས་ན་བློ་བདེ་ལ་གོང་ཡང་ཁེ་པོར་རག་གི་རེད”ཅེས་མཚོ་སྟོད་གྲོང་ཚོའི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བུ་ཆུང་གིས་བཤད། ཡང་ཁོང་གིས“ང་ཚོས་གྲོང་ཚོའི་དམིགས་བསལ་རྒྱུ་ཆ་ཁག་གཅིག་སྤྱད་དེ་ས་ཕག་བཟོ་གྲྭ་བརྒྱབ་པས། གྲོང་མིའི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་དང་སྤུས་ཚད་ལེགས་པའི་ས་ཕག་རྒྱག་ཐུབ་པ་མ་ཟད། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ལའང་ཡོང་འབབ་བྱུང་ཡོད”ཅེས་བཤད།

    ཡུལ་བབ་དང་བསྟུན་ནས་ཐོན་ཁུངས་འཚོལ་ཞིབ་དང་འཕེལ་རྒྱས་ཀྱི་ཕྱུག་འགྱུར་ལམ་བུ་གསར་པ་འཚོལ་ཞིབ་བྱས་ཤིང་། མཚོ་སྟོད་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་འབད་བརྩོན་ལྷོད་མེད་འོག་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བའི་གྲོང་ཚོ་ཧྲིལ་པོའི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་འགྲིལ་ཡོད་ལ། མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་བུ་ཡང་གནད་སྨིན་འཚོལ་ཞིབ་ཐུབ་ཡོད།

    མཚོ་སྟོད་གྲོང་ཚོའི་ཏང་ཨུད་ཀྱི་ཧྲུའུ་ཅི་དགེ་ལེགས་ཆོས་འཕེལ་གྱིས“2023ལོར་ང་ཚོས་མུ་མཐུད་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་ལྷག་དོན་འདེབས་འཛུགས་དང་ས་ཕག་བཟོ་གྲྭར་དམ་འཛིན་བྱས་ཏེ། རྣམ་གྲངས་དེ་དག་ལ་བརྟེན་ནས་མཉམ་སྡེབ་དཔལ་འབྱོར་གྱི་ཐོན་ལས་ཁག་མུ་མཐུད་སྟོབས་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལམ་བུར་ཡག་པོ་སྐྱོད་པར་ང་ཚོར་ཡིད་ཆེས་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།