དབུ་ཤོག>ཞིང་འབྲོག་གསར་པ།
  • གནད་སྨིན་གསོ་སྦྱོང་ཕྱོགས་ཡོངས་ལ་ཁྱབ་པ་བྱས་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པ་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-16

    1af59205-defa-4793-a950-cf018c72ca30.jpg.jpg

    འདི་ནི་རྒྱལ་རྩེ་རྫོང་འབྲོང་རྩེ་ཤང་ནོར་ཁང་གྲོང་ཚོའི་མང་ཚོགས་ཀྱིས་ཞིང་དལ་དུས་ཚོད་སྤྱད་ནས་ལྕགས་རྩིབ་བཟོ་པའི་གསོ་སྦྱོང་ནང་ཞུགས་བཞིན་པ།

    དམངས་འཚོའི་རྩ་བ་ཡིན་པའི་ལས་ཞུགས་ནི་ཁྱིམ་ཚང་ཁྲི་སྟོང་མང་པོ་དང་འབྲེལ་བ་ཡོད་ལ་དམངས་འཚོའི་བདེ་སྡུག་དང་འབྲེལ་བ་ཡོད།

    བོད་ཀྱི་ལོ་གསར་འཆར་ཉེའི་མཚམས་སུ། གཞིས་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་འབྲོང་རྩེ་ཤང་ནོར་ཁང་གྲོང་ཚོའི་ཞིང་པ་120ཡིས་ཞིང་དལ་དུས་ཚོད་དམ་འཛིན་བྱས་ནས་ལས་རིགས་རྩལ་ནུས་གསོ་སྦྱོང་སློབ་གྲྭ་སྒྲིག་འཛུགས་བྱས་ཏེ་ལྕགས་རྩིབ་བཟོ་པའི་གསོ་སྦྱོང་ནང་ཞུགས་པ་དང་། གསོ་སྦྱོང་མཇུག་འགྲིལ་ནས་ལག་ཁྱེར་རག་རྗེས་ཚང་མས་ངལ་ནུས་མཉམ་ལས་ཁང་བརྒྱུད་མངགས་གཏོང་རྣམ་པར་བརྟེན་ནས་ཐག་ཉེ་ས་དང་སྟབས་བདེ་སར་ལས་ཞུགས་ཐུབ་པར་བྱས་ཡོད།

    དེ་ནི་རྒྱལ་རྩེ་རྫོང་གི“མངགས་ཐོ་རྣམ་པ”དང“གནད་ཀྱིས་གནད་ལ་དམིགས་པ”ཟུང་འབྲེལ་གྱིས་ཞིང་འབྲོག་པའི་ལས་ཞུགས་གཞན་སྒྱུར་གྱི་ལས་ཀ་བྱེད་སྟངས་ཤིག་རེད།

    2022ལོར་རྒྱལ་རྩེ་རྫོང་གིས་ལས་ཀ་བྱེད་སྟངས་གསར་གཏོད་དང་གནད་སྨིན་ཇུས་འདོན་བྱས་ནས“གནད་ཀྱིས་གནད་ལ་དམིགས་པའི”ཁག་གཅིག་སྐྱེལ་བ་དང་། ཐོན་ལས་འཕེལ་རྒྱས་ནང་ཁག་གཅིག་བསྡུ་བ། རྣམ་གྲངས་འཛུགས་སྐྲུན་ལ་ཁག་གཅིག་ཞུགས་ཐུབ་པ། འཇོན་ཐང་ཅན་གྱི་སྣེ་ཁྲིད་དེ་ཁག་གཅིག་གཞན་སྒྱུར་བྱེད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་ནས། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་ལས་དོན་ལ་དམ་འཛིན་ཏན་ཏིག་དང་། དམ་འཛིན་ཡག་པོ། དམ་འཛིན་ཞིབ་ཚགས་བཅས་བྱས་པ་རེད། 2022ལོའི་ལོ་མཇུག་བར། མི་24978ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། ཡོང་འབབ་སྒོར་དུང་ཕྱུར་3.1བྱུང་བ། མི་15373སྒྲིག་འཛུགས་ཡོད་པའི་སྒོ་ནས་ཕྱིར་གཏོང་བྱས་པ། མི་152ལྗོངས་ཕྱིར་ལས་ཞུགས་གཞན་སྒྱུར་ཐུབ་ཡོད་པ་རེད།

    རྒྱལ་རྩེ་རྫོང་མི་སྤྱི་ཅུས་ཀྱི་ཏང་ཙུའི་ཁོངས་མི་ཅུས་ཀྲང་གཞོན་པ་ཚེ་བརྟན་རྡོ་རྗེས། ང་ཚོས“ཁེ་ལས་ལ་མི་གང་འདྲ་ཞིག་མཁོ་བ་དེ་རིགས་གསོ་སྐྱོང་བྱེད་པའི”བླང་བྱ་གཞིར་བཟུང་། ཞིང་འབྲོག་མང་ཚོགས་ཀྱི་རྩལ་ནུས་གསོ་སྦྱོང་གི་བསམ་འདུན་དང་ཁེ་ལས་ཀྱི་ལས་མི་སྤྱོད་པ་དང་ལས་གནས་ཀྱི་དགོས་མཁོ་ཕྱོགས་ཡོངས་ནས་ཤེས་རྟོགས་བྱས་རྗེས། གསོ་སྦྱོང་གི་འཆར་གཞི་འཐུས་ཚང་དང་ལེགས་སྒྲིག་བྱས་ནས་དགོས་མཁོ་གང་དུ་ཡོད་ན་དེ་གར་སློབ་ཚན་འཚོག་པ་དང་། ཐོན་ལས་གང་དུ་ཡོད་ན་དེ་གར་གསོ་སྦྱོང་བྱེད་པའི་འགན་ལེན་བྱས་ཏེ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་སྤྱོད་གོ་ཆོད་པའི་རང་བཞིན་ཆེ་རུ་ཧུར་ཐག་བཏང་ཡོད་ཅེས་ངོ་སྤྲོད་བྱས།

    བསྡོམས་རྩིས་བྱས་པར་གཞིགས་ན། 2022ལོ་ཁོ་ནར་རྒྱལ་རྩེ་རྫོང་གིས“མངགས་ཐོར་བརྟེན་ནས་ལས་གནས་གཏན་འཁེལ་བྱེད་པའི”གསོ་སྦྱོང་བརྒྱུད། རིམ་རྩིས་བྱས་ན་ཞིང་འབྲོག་པ་1980ལ་རྩལ་ནུས་གསོ་སྦྱོང་བྱས་པ་དང་། གསོ་སྦྱོང་གི་ནང་དོན་འགེལ་རུམ་འཁལ་འཐག་དང་། ངར་ལྕགས་བཟོ་པ། འཚེམ་བཟོ་བ། རྩིས་གཉེར། ལས་གཏོད། ཕྱུགས་རིགས་དང་ཁྱིམ་བྱ་གསོ་ཚགས། མ་བྱན། འདོན་འཇུག་དང་རྐོ་འདྲུ་འཕྲུལ་འཁོར་སོགས་དང་འབྲེལ་བ་ཡོད་པ་རེད།

    ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་སྒྲིག་འཛུགས་ཅན་དང་གནད་སྨིན་ཅན་ལ་སྐུལ་འདེད་གཏོང་ཆེད། རྒྱལ་རྩེ་རྫོང་གིས“སྲིད་གཞུང་གིས་གཙོ་ཁྲིད་+ཁེ་ལས་འཁོར་སྐྱོད་+ཆེད་ལས་མཉམ་ལས་ཁང་ཞུགས་པ་+མི་སྤྱི་རྩ་འཛུགས”བཅས་དང་། “གསོ་སྦྱོང་སློབ་གྲྭ+ངལ་ནུས་ཕྱིར་གཏོང་མཉམ་ལས་ཁང་+མཉམ་སྡེབ་ཨར་ལས་རུ་ཁག་+ཞིང་འབྲོག་པ” “གནད་ཀྱིས་གནད་ལ་དམིགས་པ”“གཅིག་འཐུས་རྣམ་པ”བཅས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་ལས་ཀ་བྱེད་སྟངས་གསར་གཏོད་དང་། ངལ་ནུས་མཉམ་ལས་ཁང་དང་ངལ་ནུས་མངག་གཏོང་ཀུང་སིའི་ལས་མི་བསྡུ་བའི་ནུས་པ་སྔོག་འདོན་གཏིང་ཟབ་བྱེད་པ། ངལ་ནུས་མངག་གཏོང་སྒྲིག་གཞིས་རང་འགུལ་ངང་མི་སྤྱོད་ཚན་པ་དང་མཐུན་སྦྱོར་བྱེད་པར་ཁྲིད་སྟོན་ཧུར་ཐག་བཅས་བྱས་ཏེ་ལས་ཞུགས་གཞན་སྒྱུར་གྱི་གནད་སྨིན་ཞབས་འདེགས་ཡག་པོ་ཞུས་ཡོད།

    2022ལོར་རྫོང་གྲོང་ངལ་ནུས་མངག་གཏོང་ཀུང་སི་དང་མཉམ་དུ་རང་འགུལ་ངང་ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་དང་འབྲེལ་མཐུད་བྱས་ནས་མི་380ལྷག་ཙམ་སྒྲིག་འཛུགས་ཡོད་པའི་ངང་ལས་ཞུགས་གཞན་སྒྱུར་ཐུབ་པ་དང་། གངས་ལྗོངས་ཉི་འོད་ངལ་ནུས་མངག་གཏོང་ཀུང་སི་དང་རྒྱལ་ཁར་རྩེ་ངལ་ནུས་མངག་གཏོང་ཀུང་སི་དང་མཉམ་དུ་ནག་ཆུ་དང་མངའ་རིས་སུ་གྲོང་ཁྱེར་དང་ས་ཁུལ་བསྒྲལ་ནས་མི་100ལྷག་ཙམ་ལས་ཞུགས་གཞན་སྒྱུར་བྱས་པ། རྣམ་གྲངས་ལ་མི་མཁོ་བ་དེ་ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་གྱི་འགག་རྩའི་ཐབས་ལམ་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས“ཚོགས་སྒྲིག་རྣམ་པའི”ངལ་ནུས་ཕྱིར་གཏོང་བྱས་པ་བརྒྱུད་ས་གནས་དེ་གའི་ངལ་ནུས་ལས་མི་1000ལྷག་ཙམ་བསྡུས་ཡོད་པ་རེད།

    རྒྱལ་རྩེ་རྫོང་ལྕང་ར་ཤང་དཔལ་འབྱོར་ལྷུན་པོ་གྲོང་ཚོའི་གྲོང་མི་དར་རྒྱས་སྒྲིག་འཛུགས་ཅན་གྱི་ལས་ཞུགས་གཞན་སྒྱུར་བརྒྱུད། ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་ནང་ཞུགས་པས་དུས་ཐུང་ཟླ་བ་གཉིས་ལྷག་ཙམ་ནང་གླ་ཕོགས་སྒོར་26000ལྷག་ཙམ་བྱུང་ཡོད་པ་རེད། དར་རྒྱས་ཀྱིས“ཏང་དང་སྲིད་གཞུང་གིས་ང་ཚོར་གླ་ཕོགས་ལ་འགན་ལེན་ཡོད་པའི་ལས་ཀ་སྤྲད་པས་ང་ཚོ་བློ་བདེ་པོ་འདུག མ་འོངས་པའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་ངེས་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།