དབུ་ཤོག>ཞིང་འབྲོག་གསར་པ།
  • མཚོ་སྣ་རྫོང་ལམ་ཕུག་ཤང་ཞེའུ་གྲོང་ཚོའི་མང་ཚོགས་ཀྱིས“ཕྱུགས་འཚོ་མཐའ་སྲུང་གི་ལས་ཀ་ནན་ཏན་སྒྲུབ་ཀྱི་ཡོད”

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-02-03

    མཚོ་སྣ་རྫོང་ལམ་ཕུག་ཤང་ཞེའུ་གྲོང་ཚོ་ནི་དུས་རབས་གསར་པར་འཕེལ་རྒྱས་བྱུང་བའི་མཐའ་མཚམས་གྲོང་ཚོ་ཞིག་རེད། ཉེ་བའི་ལོ་ཤས་རིང་། ཏང་གི་གཟིགས་སྐྱོང་འོག་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱས་པ་བརྒྱུད། ཞེའུ་གྲོང་ཚོའི་དུད་ཚང་ཀུན་གྱིས་ཐོག་སོ་གཉིས་ལྡན་གྱི་བོད་ལུགས་ཁང་པ་མང་པོ་བརྒྱབ་པ་དང་། ལྷག་པར་དུ་སློབ་ཆུང་དང་འཕྲོད་བསྟེན་ཁང་སོགས་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྲུན་རྗེས། ཡུལ་དེ་གའི་མང་ཚོགས་ལ་བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་ཡག་པོ་བྱེད་པ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་ཡག་པོ་སྐྲུན་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་ཕྱིན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔའི་བར་ཁྱོན་བསྡོམས་དུད་ཚང་400ལྷག་ཙམ་དང་མི་1400ལྷག་ཙམ་ཞེའུ་གྲོང་ཚོར་སྤོས་ནས་ཕྱུགས་འཚོ་མཐའ་སྲུང་བྱེད་ཀྱི་ཡོད།

    འདི་ལོ་ལོ་53ལ་སླེབས་པའི་བསོད་ནམས་ཚེ་རིང་2017ལོའི་ཟླ་12པར་ལམ་ཕུག་ཤང་ཡང་སྟོད་གྲོང་ཚོ་ནས་ཞེའུ་གྲོང་ཚོར་སྤོས་པ་དང་། ཁོང་གི་ཁྱིམ་ནི་ཞེའུ་གྲོང་ཚོར་འབྱོར་བའི་གནས་སྤོས་དུད་ཚང་ཁག་དང་པོ་རེད། ད་ཆ་ངའི་ཁྱིམ་དུ་འབྲི་གཡག་20ལྷག་ཙམ་ཡོད་པ་དེ་དག་ཚང་མ་འདི་གར་སྤོས་རྗེས་རིམ་བཞིན་ཉོས་པ་ཡིན་ཞེས་བཤད། ཁོང་གིས་ད་དུང་གསར་འགོད་པར། ཉིན་ཤས་གོང་ངས་འབྲི་གཡག་གཅིག་ལ་སྒོར་12000བྱས་ནས་བཙོངས་པ་ཡིན། ས་ཆ་འདིར་རྩྭ་ཆུ་བཟང་བས་ཕྱུགས་ཟོག་ལོངས་འཚར་ཧ་ཅང་མགྱོགས་པོ་འདུག་ཅེས་བཤད། གཞན་ཡང་ནང་མི་ཚང་མར་མི་རེར་ལོ་ལྟར་སྲིད་གཞུང་གིས་སྤྲད་པའི་མཐའ་མཚམས་མི་སེར་གྱི་ཁ་གསབ་ཀྱང་ཡོད་པ་རེད།

    “ཁང་པ་ནི་ཏང་དང་སྲིད་གཞུང་གིས་ཁ་གསབ་སྤྲད་ནས་བསྐྲུན་པ་ཡིན་ལ་འགྲོ་ལམ་ནི་རྒྱལ་ཁབ་ཀྱིས་དངུལ་བཏོན་ནས་བསྐྲུན་པ་རེད” བསོད་ནམས་ཚེ་རིང་གིས་ང་ཚོར་ཏང་དང་སྲིད་གཞུང་ཡག་པོ་འདི་འདྲ་ཡོད་པས། ང་ཚོས་ངེས་པར་དུ་མེས་རྒྱལ་མཐའ་མཚམས་ཀྱི་ས་ཆ་སྦར་མཐིལ་ཙམ་ཡང་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བཤད།

    འདི་ལོ་ལོ་59ལ་སླེབས་པའི་སངས་རྒྱས་ཚེ་རིང་ནི་ཞེའུ་གྲོང་ཚོའི་མཐའ་སྲུང་རུ་དཔོན་རེད། དུས་རྒྱུན་ཕྱུགས་འཚོ་མཐའ་སྲུང་ཕུད། ཁོང་གིས་མི་30ཡི་མཐའ་སྲུང་དཔུང་ཁག་གི་སྣེ་ཁྲིད་དེ་དུས་གཏན་འཁེལ་ངང་མཐའ་མཚམས་ལ་སྐོར་གཡེང་བྱེད་ཀྱི་ཡོད། ངས་ལོ་13ནས་ཕྱུགས་འཚོ་མཐའ་སྲུང་བྱས་པ་ཡིན་ལ་ཕྱུགས་འཚོ་མཐའ་སྲུང་ནི་ང་ཚོ་མཐའ་མཚམས་མང་ཚོགས་ཀྱི་འདོར་ཐབས་མེད་པའི་འགན་འཁྲི་རེད་ཅེས་བཤད།

    སངས་རྒྱས་ཚེ་རིང་གིས། མཐའ་མཚམས་ལ་སྐོར་གཡེང་བྱེད་སྐབས་སྨུག་པ་འཐིབ་པར་ཞེད་ཀྱི་ཡོད། ཁོང་གིས་ང་ལོ་21ལ་སླེབས་སྐབས་ཐེངས་གཅིག་རི་སྐོར་ལ་འགྲོ་དུས་སྨུག་པའི་ཁྲོད་མགོ་བོ་འཐོམས་ནས་ཁ་ཕྱོགས་ནོར་བ་དང་། གྲང་ངར་ཆེ་བའི་བྲག་ཕུག་ཏུ་མཚན་གང་འཁྱོལ་ཐབས་བྱེད་དགོས་བྱུང་ཞེས་གསར་འགོད་པར་བཤད།

    “མཚན་མོ་དེར་གྲང་ལྟོགས་གཉིས་ཀྱིས་མནར་བ་དང་། བྲག་ཕུག་གི་ཕྱི་རོལ་ཏུ་མཚམས་རེར་སྤྱང་ཀིའི་སྐད་ཡང་ཡང་གྲགས་པས་མིག་འཛུམ་མ་ཕོད་པར་ནམ་སྔ་ཙམ་ལངས་ནས་མགྱོགས་མྱུར་ཁྱིམ་དུ་ལོག་རྒྱུ་བྱུང་ན་ཅི་མ་རུང་བསམ་བྱུང་། གནས་ཚུལ་དེ་ལྟ་བུ་ནི་གྲོང་ཚོའི་མི་མང་པོ་ཞིག་ལ་འཕྲད་མྱོང་ཡོད། སྐབས་དེར་སྐྲག་སྣང་སྐྱེ་ནའང་རྗེས་སུ་ཚང་མས་སྔར་བཞིན་མཐའ་མཚམས་སྐོར་གཡེང་མཐའ་འཁྱོངས་བྱེད་ཀྱི་ཡོད། གང་ལགས་ཤེ་ན། ཚང་མའི་སེམས་ལ་དཀའ་ཚེགས་ཇི་ཙམ་ཆེ་ཡང་མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པ་གསལ་པོར་ཤེས་ཀྱི་ཡོད”ཅེས་ཁོང་གིས་བཤད།

    པད་མ་ལྷག་སྒྲོལ་ནི་ཞེའུ་གྲོང་ཚོ་ནས་ཐོན་པའི་སློབ་ཆེན་སློབ་མ་ཞིག་རེད། གྲོང་ཚོར་སླེབས་རིམ་བཞིན་ཨོ་རྒྱན་མཚོ་མོས་ཁོང་ལ་རང་ཉིད་ཞེའུ་གྲོང་ཚོའི་མི་ཡིན་པ་བརྗེད་མི་རུང་བ་དང་། ས་ཆ་གང་དུ་སླེབས་ཀྱང་ཕ་ཡུལ་སེམས་ལ་བཞག་ནས་ཕ་ཡུལ་གྱི་འཕེལ་རྒྱས་ལ་སེམས་ཁུར་དང་རོགས་རམ་བྱེད་དགོས་ལུགས་ཡང་ཡང་རྗོད་ཀྱི་ཡོད།

    “ང་ཚོར་རིག་གནས་དང་ཕུགས་བསམ་ཡོད་ལ་མེས་རྒྱལ་མཐའ་མཚམས་ཀྱི་བདེ་འཇགས་སྲུང་སྐྱོང་ཡག་པོ་བྱས་ནས་མེས་རྒྱལ་གྱི་མཐའ་མཚམས་དེ་བས་མཛེས་སྡུག་ལྡན་པ་ཞིག་ཏུ་སྐྲུན་པའི་ཆོད་སེམས་དང་ནུས་པ་དེ་བས་ཡོད” པད་མ་ལྷག་སྒྲོལ་གྱི་སྐད་ཆ་ནི་ཆོད་སེམས་རེད་ལ་དེ་བས་ཀྱང་ཞེའུ་གྲོང་ཚོའི་ན་གཞོན་ཚོའི་བསམ་འདུན་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།