དབུ་ཤོག>ཞིང་འབྲོག་གསར་པ།
  • ཁྱད་ལྡན་ཐོན་ལས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་རོགས་བྱེད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-29

    ས་བབ་སྨི་4000ལྷག་ཙམ་ཟིན་པའི་རང་བྱུང་འབྲོག་ར་ཞིག་ཏུ་ལུ་གུ་མགོ་ནག་ཁག་གཅིག་ཉི་འོད་འོག་ཅི་དགར་རྩྭ་ཟ་བཞིན་མཆིས། ལུ་གུ་དེ་དག་གི་རྣ་རྩེར་རྩ་གཉིས་བཤེར་རྟགས་བསྒར་བའི་བྱང་བུ་ཆུང་ཆུང་བཏགས་ཡོད་པ་དེ་ནི་དགེ་ལེགས་པ་སངས་ཀྱིས་བཤད་པ་ལྟར་ན་གམ་པའི་ལུག་གི“ཐོབ་ཐང་ལག་ཁྱེར”རེད།

    འདི་ལོ་ལོ་38ལ་སླེབས་པའི་དགེ་ལེགས་པ་སངས་ནི་བོད་ལྗོངས་སའི་གོ་ལ་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཡིན་ཞིང་། ཁོང་གིས་བོད་ཀྱི་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་གཏོད་རྒྱུ་དང་གཉེར་སྐྱོང་ལས་དོན་གྱི་འགན་འཁུར་གྱི་ཡོད། དེའི་ཆེད་དུ་དགེ་ལེགས་པ་སངས་དང་ཁོང་གི་ཚོགས་པས་སའི་གོ་ལ་སྣེ་གསུམ་པའི་ལེགས་འདེམས་ཚད་གཞིའི་ལས་སྟེགས་བཏོད་དེ་རང་ངོས་འཕེལ་རྒྱས་བཏང་བ་དང་ཆབས་ཅིག སའི་གོ་ལ་སྣེ་གསུམ་པའི་སྤུས་རྟགས་ཀྱི་ཕན་འབྲས་མཉམ་སྤྱོད་བྱས་ནས་ལྗོངས་ཡོངས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད།

    བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་ལ་ས་ཆུ་དམིགས་བསལ་ཅན་ཡོད་པས་ཐུན་མོང་མ་ཡིན་པའི་ལུག་གི་རྒྱུད་པ་སྟེ། གམ་པའི་ལུག་གསོ་ཐུབ་ཀྱི་ཡོད། དེའི་ལུག་ཤ“བྲོ་བ་ཞིམ་ལ་སྙི་བ་དང་དྲི་མ་མེད”ཕྱིར་སྐད་གྲགས་ཆོད་ཡོད། འོན་ཀྱང་དེ་སྔ་སྤུས་ཀ་ཧ་ཅང་དག་པའི་གམ་པའི་ལུག་ཡིན་ནའང་སྤུས་རྟགས་གཏོད་པའི་འདུ་ཤེས་ཞན་པས་ཁྲོམ་རའི་རིན་གོང་ལུག་གཞན་དང་ཁྱད་པར་མེད།

    2021ལོའི་ལོ་འགོར། གམ་པ་རྫོང་སྲིད་གཞུང་དང་བོད་ལྗོངས་སའི་གོ་ལ་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིས་འཐབ་ཇུས་ཀྱི་མཉམ་ལས་བྱས་ནས་གམ་པའི་ལུག་གི་ཐོན་ལས་འཁོར་འབྲེལ་ཆ་ཚང་གི་ཁུངས་འདེད་མ་ལག་དང་། ཚད་གཞིའི་མ་ལག སྤུས་ཚད་ལྟ་འདོམས་མ་ལག བྲིན་ཚོང་ཐབས་ལམ་སོགས་ཐུན་མོང་ཐོག་བཏོད་པ་དང་འཐུས་སྒོ་ཚང་དུ་བཏང་བ་རེད།

    2022ལོའི་དཔྱིད་གསར་དུས་ཆེན་གོང་གམ་པའི་ལུག་གི་ཐོན་རྫས་དྲ་ཐོག་ཚོང་དོན་ལས་སྟེགས་སུ་དངོས་སུ་ཚོང་གཉེར་བྱེད་འགོ་ཚུགས་པ་དང་ཁྱབ་གདལ་བཏང་རྗེས་དགའ་བསུ་རྒྱ་ཁྱབ་ཐོབ་ཅིང་།  འཚོང་འགོ་ཚུགས་པ་ནས་ད་བར་བྲིན་ཚོང་བྱེད་ཚད་སྒོར་ཁྲི་བརྒྱ་ལྷག་ཙམ་ཟིན་ཡོད་པ་རེད། ད་ཆ་གམ་པའི་ལུག་ཕྱིར་ཚོང་རིན་གོང་ལུག་གཞན་དག་ལས་མཐོ་བ་དང་ཞིང་པས་ཚབ་གཉེར་གསོ་ཚགས་བྱེད་པའི་ཁེ་སྤོགས་ཡོང་འབབ་30%ཡན་འཕར་ཡོད་པ་རེད།

    དགེ་ལེགས་པ་སངས་ནི་ཞིང་འབྲོག་པའི་ཕྲུ་གུ་ཞིག་ཡིན་ཞིང་། ཆིང་ཧྭ་སློབ་ཆེན་འཕྲུལ་ཆས་བཟོ་སྐྲུན་དང་རང་འགུལ་ཅན་གྱི་ཆེད་ལས་ནས་ཐོན་པ་དང་དེ་རྗེས་ཕྱི་རྒྱལ་དུ་སློབ་སྦྱོང་ལ་བསྐྱོད། 2017ལོར་ལྷ་ས་གྲོང་ཁྱེར་གྱི་ནང་འདྲེན་ཤེས་ལྡན་པའི་ངོས་ནས་ཁོང་བོད་དུ་ལོག “མི་སྒེར་གྱི་བྱ་གཞག་དང་ཕ་ཡུལ་གྱི་འཕེལ་རྒྱས་ཟུང་འབྲེལ་བྱས་ཚེ་སོ་སོར་ཐོབ་པའི་སློབ་གསོར་དོན་སྙིང་ལྡན”ཞེས་དགེ་ལེགས་པ་སངས་ཀྱིས་བཤད།

    ལོ་ཤས་རིང་། དགེ་ལེགས་པ་སངས་ཀྱིས་ཀུང་སིའི་ཁོངས་མིའི་སྣེ་ཁྲིད་དེ་ཁ་ཆེ་ཤ་སྐམ་དང་ནས་ཀྱི་ཕྱོགས་བསྡུས་ཐོན་རྫས་སོགས་རིགས་7དང་སྣ་ཁ་34ཞིབ་འཇུག་གསར་སྤེལ་བྱས་པ་རེད། ཀུང་སིས་ད་དུང་དེ་སྔའི་ལྷ་སའི་ཀོ་ཆས་བཟོ་གྲྭ་དང་ཉིང་ཁྲིའི་བལ་འཐག་བཟོ་གྲྭ་སླར་གསོ་བསྐྱར་སྐྲུན་གྱི་རྣམ་གྲངས་འབྲེལ་མཐུད་བྱས་ནས་ཞིང་འབྲོག་པའི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་ཡངས་སུ་བཏང་སྟེ་མི་བརྒྱ་གྲངས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།

    གཞན་ཡང་། ཁོང་གིས་ད་དུང་ཚོགས་པའི་སྣེ་ཁྲིད་དེ་དབྱིན་ཇི་དང་། ཨ་རི། སིང་ཀ་ཕོར། རྒྱ་གར་སོགས་རྒྱལ་ཁབ་10ལྷག་ཙམ་ལ་སའི་གོ་ལའི་སྣེ་གསུམ་པའི་སྤུས་རྟགས་ཐོ་འགོད་བྱས་པ་རེད། 2021ལོའི་ཟླ་10པར་ཕྱི་འབྲེལ་པུས་བོད་ལྗོངས་གོ་ལ་ཧྲིལ་པོར་འོས་སྦྱོར་ངོ་སྤྲོད་བྱེད་པའི་བྱེད་སྒོའི་ཐོག་སའི་གོ་ལའི་སྣེ་གསུམ་པའི་སྤུས་རྟགས་ཐོན་རྫས་འགྲེམས་སྟོན་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།