དབུ་ཤོག>ཞིང་འབྲོག་གསར་པ།
  • ལྗོངས་ཡོངས་ཀྱི་ཞིང་ལས་ལོ་ཏོག་གཙོ་བོའི་ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་འཕྲུལ་ཆས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-10

    ཉེ་ཆར། ཞིང་ལས་གྲོང་གསེབ་པུས་ཞིང་ལས་ལོ་ཏོག་གཙོ་བོའི་ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་ལ་འགྱུར་བའི་རྒྱལ་ཡོངས་ཀྱི་ཁག་བདུན་པའི་དཔེ་སྟོན་རྫོང(གྲོང་ཁྱེར་དང་ཆུས)གི་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། རང་ལྗོངས་ཀྱི་ས་སྐྱ་རྫོང་དང་། དཔལ་འབར་རྫོང་། བྲག་ཡིབ་ཆུས་བཅས་བདེ་བླག་ངང་བདམས་ཐོན་བྱུང་ཡོད། ད་བར་ལྗོངས་ཡོངས་སུ་ཞིང་ལས་ལོ་ཏོག་གཙོ་བོའི་ཐོན་སྐྱེད་བརྒྱུད་རིམ་ཆ་ཚང་གཞི་རྩའི་ཆ་ནས་འཕྲུལ་ཆས་ཅན་གྱི་དཔེ་སྟོན་རྫོང(ཆུས)8ཡོད་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས་གྲོང་གསེབ་དར་རྒྱས་གཏོང་རྒྱུ་ལྟེ་བར་འཛིན་པའི“ཞིང་གསུམ”ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་བྱས་ནས། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞིང་འཕྲུལ་ཉོ་སྒྲུབ་ཀྱི་ཁ་གསབ་སྲིད་ཇུས་བརྟན་པོའི་ངང་ལག་བསྟར་བྱེད་པ། ཁྱད་ལྡན་ཞིང་འཕྲུལ་གྱི་ཁ་གསབ་སྲིད་ཇུས་གསར་གཏོད་རང་བཞིན་ངང་འདོན་པ། ཞིང་འཕྲུལ་གྱི་ལག་རྩལ་གསར་པ་དང་སྒྲིག་ཆས་གསར་པ་ཁྱབ་གདལ་ཧུར་ཐག་གཏོང་བ། ལྗོངས་ཡོངས་ཀྱི་ཞིང་འཕྲུལ་སྒྲིག་ཆས་ཀྱི་ཆུ་ཚད་མགྱོགས་མྱུར་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱས་པས་ཞིང་འཕྲུལ་སྒྲིག་ཆས་ཀྱི་གྲུབ་ཆ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་ཡོད། 2022ལོར་སྔོན་དཔག་བྱས་ན་ལྗོངས་ཡོངས་ཀྱི་འབྲུ་རིགས་ལོ་ཏོག(ནས)གཙོ་བོ་ཕྱོགས་བསྡུས་འཕྲུལ་ཆས་ཅན་ལ་བརྟེན་ནས་རྨོ་འདེབས་བསྡུ་གསུམ་བྱེད་ཚད་69.8%ཟིན་ནས་ལོ་འཁོར་གོང་མ་ལས་བརྒྱ་ཆའི་གྲངས་1.8འཕར་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིང་དར་ཞིང་ཕན་ཞིང་ཕྱུག་བཅས་ཀྱི་སྲིད་ཇུས་གལ་ཆེན་གྱི་གྲས་ཤིག་ཡིན་ཞིང་། རང་ལྗོངས་ཀྱིས་རྒྱལ་ཡོངས་ཀྱི་སྔོན་ལ་འཁོར་ལྡན་འདྲུད་འཐེན་འཕྲུལ་འཁོར་ཉོ་བའི་ཐད“འཕྲུལ་ཆས་རྩེ་གྲར་ཁ་གསབ་ཡག་པོ་སྤྲོད་པའི”ཚོད་ལྟའི་ལས་དོན་སྤེལ་བ་དང་།ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་བྱེད་པོ་ཁག་གིས་འཁོར་ཅན་འདྲུད་འཐེན་འཕྲུལ་འཁོར་ཉོ་བར། ཀྲུང་དབྱང་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་30%ལོངས་སུ་སྤྱོད་ཆོག་པའི་རྨང་གཞིའི་ཐོག་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཁ་གསབ་རོགས་དངུལ་20%བསྐྱར་དུ་ལོངས་སུ་སྤྱོད་ཆོག ཁ་གསབ་རོགས་དངུལ་དག་མཉམ་འབྲེལ་བརྔ་བསྡུ་འཕྲུལ་འཁོར་དང་། དེ་བཞིན་འབྲུ་དང་པད་ཁ་དང་གཟན་རྩྭ་ཐོན་སྐྱེད་སོགས་ཀྱི་ཞིང་འཕྲུལ་ཉོ་བའི་ཐད་སྤྱོད་ཆོག་གི་ཡོད། གསར་གཏོད་ཀྱི་བྱེད་ཐབས་དེ་སྤྱད་པར་བརྟེན་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་གི་བྱེད་པོ་དང་ཞིང་འབྲོག་པས་འཕྲུལ་ཆས་ཉོ་བའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཕྱིན་ཡོད། 2022ལོར་ལྗོངས་ཡོངས་ཀྱིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱི་ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་མ་དངུལ་ཁྱོན་སྒོར་ཁྲི་11995.3དོན་འཁྱོལ་བྱས་ནས། ཞིང་འབྲོག་པ་དུད་ཚང་16548དང་ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་རྩ་འཛུགས་ལ་རོགས་སྐྱོར་བྱས་པ་དང་ཞིང་འཕྲུལ་གསར་པ་ཁྲི་2.3ཉོས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།