དབུ་ཤོག>ཞིང་འབྲོག་གསར་པ།
  • གནའ་བོའི་ལག་རྩལ་ཞིག་ལ་ཐོན་ལས་ཤིག་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2023-01-08

    མི་ཐབས་ལ་བརྟེན་ནས་གཙང་སེལ་དང་། བལ་བཀྲུ། བསལ་འདེམས། གནོན་བཙིར། འཐག་པ་སོགས་ལས་རིམ་མང་པོ་བརྒྱུད་དེ་གཡག་ཐེར་རིམ་གྱིས་འཐགས། དེ་ཡང་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཤང་གཡག་ཐེར་བལ་གྱི་ཞིབ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་དུ་སྐྱོད་སྐབས། ཐག་རིང་ནས་རས་འཐག་བཞིན་པའི“ཙིར་ཙིར”གྱི་སྒྲ་ཐོས་ཤིང་། བཟོ་ཁང་དག་གྲལ་སྟར་འགྲིག་པ་དང་ལས་མི་རྣམས་ཀྱིས་སྐུད་པ་འཁེལ་བའམ་ཡང་ན་ཚོས་རྒྱག་པ་དང་། ཡང་ན་འཁེལ་འཐག་འཕྲུལ་འཁོར་ནས་རས་འཐག་པ་སོགས་ལས་བྲེལ་ཆེ་བའི་རྣམ་པ་མཐོང་རྒྱུ་ཡོད། ཕྱིར་འཚོང་འགྲེམས་ཁང་དུ་ཐེར་མའི་ཕྱུ་པ་དང་། སྐེ་དཀྲིས། སྟོད་དཀྲིས། ནུབ་གོས། གྲྭ་ཆས་སོགས་ཐོན་རྫས་སྣ་ཚོགས་རིགས་དབྱེ་ནས་གྲལ་འགྲིག་པོར་བཤམས་ཡོད་པ་དང་། རྒྱུ་སྤུས་དག་ལ་འཐག་རྩལ་ཁྱད་དུ་འཕགས་པར་བརྟེན་མི་རྣམས་ཀྱིས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད།

    གཡག་ཐེར་འཐག་པའི་ལག་རྩལ་རྒྱུན་འཛིན་པ་ཞིག་ཡིན་པའི་ངོས་ནས་ཆུང་དུས་ནས་སྐྱེད་མའི་ཤུགས་རྐྱེན་འོག་རྣམ་སྒྲོན་འཁེལ་འཐག་ལ་དགའ་མོས་བྱུང་སྟེ་ཡུལ་དེ་གར་སྐད་གྲགས་ཆོད་པའི་འཁེལ་འཐག་མཁས་པ་ཞིག་ཏུ་གྱུར། ཁོ་མོས་དེ་སྔོན་ལོ་13གྱི་རིང་བརྒྱུད་རིམ་ལྡན་པའི་ངང་འཁེལ་འཐག་ལག་རྩལ་སྦྱངས་ཤིང་། ལག་རྩལ་རྒྱུན་འཛིན་བྱེད་པ་དང་དུས་མཚུངས་སུ་རྣམ་སྒྲོན་གྱིས་དུད་ཁྱིམ་མང་པོའི་ལེགས་ཆ་བསྡུ་ལེན་དང་དེང་རབས་ཀྱི་ལག་རྩལ་ཟུང་འབྲེལ་གྱིས་གཡག་ཐེར་གྱི་སྤུས་ཀ་དག་ཏུ་འགྲོ་བར་ནུས་པ་གསར་པ་བཏོན་པ་རེད། 2013ལོའི་ཟླ་11པར་ཁང་གཞུང་ཤང་གིས་མང་ཚོགས་དབུལ་པོ་སྒྲིག་འཛུགས་བྱས་ཏེ་རང་མོས་དང་། འདྲ་མཉམ། གཉིས་ཕན་བཅས་ཀྱི་རྩ་དོན་གཞིར་བཟུང་ནས་མ་དངུལ་སྒོར་ཁྲི་28.5བཏང་ནས་རིན་སྤུངས་རྫོང་ཁང་གཞུང་ཤང་གཡག་ཐེར་བལ་གྱི་ཞིབ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་། རྣམ་སྒྲོན་གྱིས་མཉམ་ལས་ཁང་གི་ལས་འཛིན་དཔོན་གྱི་འགན་ཁུར་བ་རེད།

    མཉམ་ལས་ཁང་བཙུགས་པ་ནས་བཟུང་། རྣམ་སྒྲོན་གྱིས་སེམས་ནུས་ཡོད་རྒུ་བཏོན་ནས་མཉམ་ལས་ཁང་ནང་ཞུགས་ཏེ་ཐོན་རྫས་ཀྱི་སྤུས་ཚད་དམ་འཛིན་བྱས་ནས་གཡག་ཐེར་གྱི་སྤུས་རྟགས་རྩེ་གྲ་དང་ཞིབ་ཚགས་བཟོས་ཏེ་མཐའ་འཁོར་གྱི་ཤང་དང་གྲོང་རྡལ་གྱི་མང་ཚོགས་སྔར་བས་མང་བ་མཉམ་ལས་ཁང་ནང་ཞུགས་ནས་ཕྱུག་འགྱུར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་པ་རེད།

    གནའ་བོའི་ལག་རྩལ་ཞིག་ལ་བརྟེན་ནས་ཐོན་ལས་ཤིག་བཏོད་ཅིང་། ཡུལ་ཕྱོགས་གཅིག་གི་མི་སེར་ལ་ཕན་བདེ་བསྐྲུན་ཡོད། 2021ལོར་མཉམ་ལས་ཁང་གི་ཕྱིར་འཚོང་བསྡོམས་འབོར་སྒོར་ཁྲི་700ཟིན་ནས་ཁེ་སྤོགས་ངོ་མ་སྒོར་ཁྲི་250རག་ཡོད། ལོ་མང་རིང་མཉམ་ལས་ཁང་གིས་ཁེ་སྤོགས་སྒོར་ཁྲི་28.5བགོ་འགྲེམས་བྱས་ཏེ་མང་ཚོགས་དུད་ཚང་499ཡི་མི་2279ལ་ཕན་པ་ཐོབ་པ་དང་། མང་ཚོགས་166ལས་ཞུགས་བརྟན་པོ་ཡོང་བ་བྱས་པར་རིམ་རྩིས་བརྒྱབ་ན་གླ་ཕོགས་སྒོར་ཁྲི་247.85སྤྲད་ཡོད་པ་རེད།

    ད་ཆ་རྣམ་སྒྲོན་གྱི་ཉིན་རེའི་ལས་ཀ་ནི་མཉམ་ལས་ཁང་ནང་གི་སློབ་མ་30ལ་གཡག་ཐེར་འཐག་པའི་ལག་རྩལ་སློབ་རྒྱུ་དེ་རེད། ཁོང་གིས། སྔོན་ཆད་གྲོང་མིས་འཐག་པའི་གཡག་ཐེར་ལ་ཚོང་ལམ་མེད་པས་རིམ་བཞིན་འཐག་མཁན་མེད་པར་གྱུར་ནས་ལག་རྩལ་འདི་རྒྱུན་ཆད་པའི་ཉེན་ཁ་འཕྲད། “འོན་ཀྱང་ད་ཆ་ང་ཚོའི་ཐོན་རྫས་ཉོ་མཁན་མང་དྲགས་ནས་ཧ་ལམ་དགོས་མཁོ་སྐོང་མི་ཐུབ་པའི་ཚད་ལ་སླེབས་ཡོད། ལག་རྩལ་འདི་སྦྱོང་མཁན་ཡང་ཇེ་མང་དུ་འགྲོ་བཞིན་ཡོད་པས། འདི་ནི་གནའ་བོའི་ལག་རྩལ་འདི་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་སྟངས་ཡག་ཤོས་ཀྱང་རེད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།