དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ཀྱི་འབྲུ་རིགས་ཐོན་འབབ་ལོ་8བསྟུད་མར་ཏུན་ཁྲི་100ཡན་ཟིན་པ།

  • ཡོང་ཁུངས།  མི་དམས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  次旦多吉   |     སྤེལ་དུས།  2022-12-25

    གསར་འགོད་པས་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར་གཞིགས་ན། བོད་ཀྱིས་2022ལོར་འབྲུ་རིགས་འདེབས་ཁྱོན་མུའུ་ཁྲི་288.9དོན་འཁྱོལ་བྱས་པར་འབྲུ་རིགས་ཐོན་འབབ་ཏུན་ཁྲི་107.3ཟིན་པ་དེ་དུས་མཚུངས་ལས་ཏུན་ཁྲི་1.15འཕར་ནས་འབྲུ་རིགས་ཐོན་འབབ་ལོ་8བསྟུད་མར་ཏུན་ཁྲི་100ཡན་ཟིན་ཡོད་པ་རེད། སང་ལོར་བོད་ཀྱིས་ས་བབ་མཐོ་བའི་ས་ཁུལ་དུ་སོན་བཟང་ཁྱབ་གདལ་གཏོང་ཤུགས་ཆེ་རུ་བཏང་ནས་2023ལོར་ནས་ཀྱི་སོན་བཟང་ཁྱབ་ཚད་93%ཟིན་རྒྱུའི་འགན་ལེན་བྱ་རྒྱུ་རེད།

    འདི་ལོ་ནས་བཟུང་། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་སོན་བཟང་ཐབས་བཟང་ཞིང་བཟང་གི་ལེ་ལག་དང་ཞིང་འཕྲུལ་དང་ཞིང་ལས་ལག་རྩལ་མཉམ་འདྲེས་སོགས་ཀྱི་བྱེད་ཐབས་བརྒྱུད། ནས་མུའུ་ཁྲི་དང་། མུའུ་སྟོང་། མུའུ་བརྒྱ་བཅས་ཀྱི་ཐོན་འབབ་མཐོ་བའི་དཔེ་སྟོན་ཁུལ་ཁྱོན་200བསྐྲུན་པ་དང་།ས་དཔྱད་ལུད་སྦྱོར་དང་ལྗང་མདོག་སྤུས་ཚད་མཐོ་ལ་ནུས་པ་ཆེ་བའི་དཔེ་སྟོན་ཁུལ་མུའུ་ཁྲི་190རྒྱུན་མཐུད་ངང་བསྐྲུན་ཡོད་པ་རེད། གཞན་ཡང་བོད་ཀྱིས་ཞིང་འཕྲུལ་ཉོ་སྒྲུབ་དང་བཀོལ་སྤྱོད་ཀྱི་ཁ་གསབ་སྲིད་ཇུས་བརྟན་པོའི་ངང་ལག་བསྟར་བྱས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”ཞིང་འཕྲུལ་ལས་སྒྲུབ་ཀྱི་སྣུམ་སྤྱོད་འགན་སྲུང་སྲིད་ཇུས་བཏོན་པ་དང་།“གཟིགས་སྐྱོང་གསུམ་དང་། རྩ་ཆག་གཅིག གཤམ་སྤྲོད་གཅིག”གི་དམངས་ཕན་བྱེད་ཐབས་ལག་ལེན་བསྟར་བ། ཞིང་འཕྲུལ་གྱིས་ས་ཞིང་མུའུ་ཁྲི་40གསར་སྦོལ་བྱས་པ། འབྲུ་རིགས་སྐྱེ་དངོས་གཙོ་བོའི་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་གཏིང་ཟབ་སྤེལ་བ་བཅས་བྱས་པས་སྔོན་དཔག་བྱས་ན་འབྲུ་རིགས་སྐྱེ་དངོས་གཙོ་བོའི(ནས)རྨོ་འདེབས་བསྡུ་གསུམ་གྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་69.8%ཟིན་ནས་ན་ནིང་ལས་བརྒྱ་ཆའི་གྲངས་1.8མཐོ་རུ་ཕྱིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་བོད་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད(ལྡུམ་ར)གཉིས་རྒྱལ་ཁབ་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་སོན་རྒྱུའི་ཐོན་ཁུངས་མཛོད(ར་བ)ཁག་དང་པོའི་མིང་གཞུང་ནང་ཚུད་པ་དང་། “བོད་ནས་ཨང་3000པ”དང་། “བོད་ནས་ཨང་20” “བོད་ནས་ཨང་17”བཅས་ནས་ཀྱི་སོན་གསར་གསུམ་ལ་ཞིང་ལས་གྲོང་གསེབ་པུས་ཐོ་འགོད་བྱས་པ་བརྒྱུད། བོད་རང་སྐྱོང་ལྗོངས་ཀྱི་ཞིང་ལས་སྐྱེ་དངོས་ཀྱི་ས་བོན་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད། འདི་ལོ་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་ནས་ཀྱི་སོན་བཟང་གསོ་སྤེལ་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་མུའུ་ཁྲི་3.65བཀོད་སྒྲིག་བྱས་པ་དང་། ནས་ཀྱི་སོན་བཟང་མུའུ་ཁྲི་202.32ཁྱབ་གདལ་བཏང་བ། ནས་ཀྱི་སོན་བཟང་ཁྱབ་ཚད་92.1%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་1.3མཐོ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།