དབུ་ཤོག>ཞིང་འབྲོག་གསར་པ།
  • “ཁམ་བུའི་མེ་ཏོག་གྲོང་ཚོའི”འཕོ་འགྱུར་ཆེན་པོ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-12-21

    རྒྱབ་ལྗོངས།

    ཚེ་དབྱངས་ནང་མི་ཚང་མ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་འཚོ་བ་སྐྱེལ་བཞིན་ཡོད། ལོ་དེར་ཉིང་ཁྲིས་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་འགོ་ཚུགས་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མིས་ཁྱིམ་དུད་རེ་རེ་བཞིན་བསམ་བློའི་སློབ་གསོ་བཏང་ཞིང་། ཚང་མས་ལོ་ལྟར་གྱི་ཁམ་བུའི་མེ་ཏོག་དུས་ཆེན་ལ་བརྟེན་ནས་ཡུལ་སྐོར་དང་འབྲེལ་བའི་རྣམ་གྲངས་གཉེར་རྒྱུའི་རེ་འདུན་གླེང་། འོན་ཀྱང་ཡུལ་སྐོར་ལ་བརྟེན་ནས་ཕྱུག་པོ་ཆགས་པ་ཐེངས་དང་པོར་གོ་ཐོས་བྱུང་བའི་ཚེ་དབྱངས་ལ་གསལ་བཤད་ག་ཚོད་བྱས་ཀྱང་ཚོད་ལྟ་བྱེད་མ་ཕོད།

    ཁམ་བུའི་མེ་ཏོག་དུས་ཆེན་སྐབས་དང་པོ་དང་སྐབས་གཉིས་པ་མཇུག་འགྲིལ་རྗེས། གྲོང་ཚོའི་ནང་ཁམ་བུའི་མེ་ཏོག་ལ་ལྟ་བར་ཡོང་མཁན་ལོ་རེ་བཞིན་མང་དུ་ཕྱིན། ཡུལ་སྐོར་བ་མང་དུ་སོང་བ་དང་ཆབས་ཅིག་སྤྱང་གྲུང་ལྡན་ལ་འཇོན་ཐང་ཆེ་བའི་ཚེ་དབྱངས་ཀྱིས་ཀྱང་རིམ་བཞིན་ཡུལ་སྐོར་གྱི་ཚོང་དོན་གོ་སྐབས་རྟོགས་ཤིང་། “ང་ཚོ་ཀོང་པོ་བོད་རིགས་ཀྱི་མི་ཆོས་རིག་གནས་སྣ་ཚོགས་ལ་ཁོང་ཚོས་ཤེས་རྟོགས་བྱེད་འདོད་ཆེན་པོ་འདུག” དེས་ན་གླུ་གར་ལ་མཁས་པའི་ཚེ་དབྱངས་གྲོང་ཚོས་སྒྲིག་འཛུགས་བྱས་པའི་རིག་རྩལ་འཁྲབ་སྟོན་རུ་ཁག་ལ་ཞུགས་ཤིང་། ཁོང་གི་གཅུང་པོ་ཉི་མས་རང་ཁྱིམ་གྱི་རྟ་བརྒྱད་ལ་རྟ་ཆས་གསར་པས་བརྒྱན་ལ། ཕ་ཚེ་རིང་གིས་ཁྱིམ་ཚང་ཟ་ཁང་གཉེར་བ་དང་། འཁྲུག་ཆ་དོད་པའི“ཡུལ་སྐོར་ཕྱུག་འགྱུར་གྱི་བྱ་སྤྱོད”ཅིག་གྲོང་ཚོའི་ནང་ཚ་ཚ་འུར་འུར་ངང་སྤེལ་འགོ་ཚུགས།

    632ef24b-a93f-451c-89b5-a09ee3755ef1.jpg.jpg

    འདི་ནི་ཚེ་དབྱངས་ཀྱིས་རང་ཁྱིམ་སྒོ་རའི་ནང་གི་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་མདུན་དུ་བརྒྱབ་པའི་པར་ཡིན་པ།

    ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཉིང་ཁྲི་གྲོང་རྡལ་ཀ་ལ་གྲོང་ཚོས“གྲོང་ཚོ་ཧྲིལ་པོར་སྐུལ་འདེད་གཏོང་བ་དང་། གྲོང་ཚོ་དང་མཛེས་ལྗོངས་གཅིག་ཏུ་སྒྲིལ་བའི”བསམ་ཕྱོགས་ལ་བརྟེན་ནས་ནུས་ཤུགས་ཡོད་རྒུས“ཁམ་བུའི་མེ་ཏོག་གྲོང་ཚོའི”སྤུས་རྟགས་བཏོད་དེ་ཁམ་བུའི་མེ་ཏོག་གླིང་གཅིག་གྱུར་ཐོག་གཉེར་སྐྱོང་བྱས་པ་ཤིང་། ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ས་ཚིགས་བཙུགས་ནས་མི་ཕྱུགས་ལོགས་སུ་དབྱེ་བ་དང་། ནགས་བཟོ་སྔོ་འགྱུར། སྒོ་ར་སྒྱུར་བཀོད། ཨར་འདམ་ལམ་བསྐྲུན་པ། ཆུ་འགྲོ་མདོང་དྲ་ས་འོག་ཏུ་འཇུག་པ་སོགས་ཀྱི་ལས་གྲྭར་རིམ་བཞིན་སྐུལ་འདེད་བཏང་སྟེ། གྲོང་ཚོ་དེ་མཛེས་ལྗོངས་ཁུལ་ལ་བསྒྱུར་བས་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ཞིང་། ཡུལ་སྐོར་གྱི་ཡོང་འབབ་ལོ་རེ་བཞིན་མང་དུ་ཕྱིན་པ་ལས་གྲོང་མི་ཚོར“ཡུལ་སྐོར་ཡོང་འབབ”རག་སྟེ་ཕྱུག་འགྱུར་གྱི་ལམ་བུར་བསྐྱོད་པ་རེད།

    ན་ནིང་ཀ་ལ་གྲོང་ཚོས་ཁམ་བུའི་མེ་ཏོག་དུས་ཆེན་རིང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་བྱས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་460ལྷག་ཙམ་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་ཁེ་སྤོགས་བགོ་འགྲེམས་སྒོར་ཁྲི་10བྱུང་ཡོད།

    “ཕྱུག་པོ་ཆགས་རྗེས་ང་ཚོས་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བར་དོ་སྣང་བྱེད་ཀྱི་ཡོད། ད་ཆ་ཁྱིམ་གྱི་གློག་ཆས་ཚང་མ་གསར་རྐྱང་ཡིན་ལ་རང་འབབ་ཆུ་ཀ་ལ་དང་དྲ་རྒྱ་ཡང་ཤར་གཏོང་ཐུབ་ཡོད”ཅེས་ཚེ་དབྱངས་ཀྱིས་ངོ་སྤྲོད་བྱས། ཁོང་གིས“སྒོ་རའི་ནང་ད་དུང་མེ་ཏོག་དང་འབྲས་ཤིང་སྣ་ཚོགས་བཏབ་ཡོད་པས། སྒོ་ཕྱེ་མ་ཐག་མཚར་སྡུག་རྣམ་པར་བཀྲ་བའི་མེ་ཏོག་མཐོང་ཐུབ་པ་དང་འབྲེལ་རང་ཁྱིམ་གྱིས་བཏབ་པའི་ཤིང་འབྲས་ཀྱང་ཡོད་པས་དེ་ནི་བདེ་སྐྱིད་ཅིག་རེད”ཅེས་བཤད།

    “ལོ་བཅུའི་གོང་ངའི་བསམ་འདུན་ཆེ་ཤོས་ནི་བུ་ཕྲུག་ཚོས་སློབ་སྦྱོང་ཡག་པོ་བྱས་ནས་སླད་ཕྱིན་སློབ་ཆེན་དུ་རྒྱུགས་འཕྲོད་རྒྱུ་དེ་ཡིན། ད་ཆ་ཕྲུ་གུ་ཚོ་ངའི་ལོ་མང་གི་བསམ་འདུན་ལྟར་བདེ་བླག་ངང་སློབ་གྲྭ་ཐོན་སོང་། ད་ཆ་བུ་མོ་ཚེ་རིང་གཡང་འཛོམས་ཉིང་ཁྲི་ལས་རིགས་ལག་རྩལ་སློབ་གླིང་གི་དགེ་རྒན་ཡིན་པ་དང་བུ་རྡོ་རྗེ་ཕུན་ཚོགས་ཀྱིས་སྨན་གླིང་གནམ་ཐང་དུ་ལས་ཀ་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།