བན་དཀར་ཤང་ནི་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱས་པའི་བསྡུས་རིས་ཤིག་རེད། ཉེ་བའི་ལོ་ཤས་རིང་། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་དབུལ་སྐྱོར་གསར་སྤེལ་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བྱ་ཐབས་གལ་ཆེན་བཏོན་གནང་ནས་སྲིད་ཇུས་ཐད་གཟིགས་སྐྱོང་གནང་ཡོད། རང་ལྗོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་ལེན་བསྟར་ནས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་བླངས་པ་མ་ཟད། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པར་སྐུལ་འདེད་གཏོང་བའི་ལས་དོན་ཁྲོད་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱེད་བཞིན་ཡོད།
དུས་བཀག་ལྟར་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་པ།
ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་མུ་ར་ཐང་ནི་དེ་སྔ་ཐལ་རླུང་གིས་ཁེངས་ཤིང་། ས་གནས་དེ་གའི་གྲོང་མིའི་ཟེར་སྲོལ་ལྟར་ན་ཡུལ་སྤུ་མེད་ཉ་ལྤགས་ཐེར་བཤུས་ཤིག་རེད། 2016ལོའི་ཟླ་8པར་མུ་ར་ཐང་དེ་ཉིད་རྒྱ་ཚ་རྫོང་གླིང་མདའ་ཤང་གི་གནད་སྨིན་དབུལ་སྐྱོར་གྱི་ཡུལ་གཞན་དུ་གནས་སྤོས་ཀྱི་གཅིག་སྡུད་བཀོད་སྒྲིག་བྱ་ཡུལ་དུ་གཏན་འཁེལ་བྱས་པ་དང་། 2017ལོར་གྲོང་ཚོ་ཡོངས་ཀྱི་མི་འབོར་དབུལ་པོ་ཚང་མ་དབུལ་ཞྭ་ཕུད་པ་རེད།
ལོ་64ལ་སླེབས་པའི་བགྲེས་སོང་བཀྲ་ཤིས་དབང་འདུས་ནི་རྒྱ་ཚ་རྫོང་གི་ཐག་རིང་ལུང་ཁུག་འབྲོག་ཁུལ་ནས་སྤོས་ཡོང་བའི་གྲོང་མི་ཞིག་ཡིན་ཞིང་། སྔ་རྗེས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཁོར་ཡུག་གི་འགྱུར་ལྡོག་ཐད་ཁོང་ལ་མྱོང་ཚོར་ཟབ་མོ་བྱུང་ཡོད། “དེ་སྔོན་ཅ་ལག་ཉོ་དགོས་ན་རྫོང་དུ་འགྲོ་དགོས་པ་དང་། གཟུགས་པོ་བདེ་པོ་མེད་པར་ཨེམ་ཆི་བསྟེན་པར་འགྲོ་དགོས་ཚེ་རི་ལམ་དུ་ཆུ་ཚོད་འགའ་འགྲོ་དགོས། ད་ཆ་གྲོང་ཚོར་རྨང་གཞིའི་སྒྲིག་བཀོད་ཆ་ཚང་པོ་ཡོད་པས་ཕྲུ་གུ་ཚོ་གྲོང་ཚོའི་བུ་བཅོལ་ཁང་དུ་འགྲོ་ཐུབ་པ་དང་གྲོང་མི་ཚོར་སྨན་བཅོས་ཁང་ཡོད་པ་མ་ཟད། ད་དུང་སྒོ་རྩིས་ཚོང་ཁང་དང་། ཇ་ཁང་། ཟ་ཁང་སོགས་ཀྱང་ཡོད། འཚོ་བ་འདི་འདྲ་དེ་སྔོན་བསམ་ཡུལ་ལས་འདས་པ་ཞིག་རེད”ཅེས་བཤད།
2016ལོ་ནས་བཟུང་། རང་ལྗོངས་སུ་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོས་བཀོད་སྒྲིག་བྱ་ཡུལ་965དང་བཀོད་སྒྲིག་སྡོད་ཁང་ཁྲི་6ལྷག་ཙམ་བསྐྲུན་ནས་མི་ཁྲི་26.6སྤོས་པ་དང་འབྲེལ་བཀོད་སྒྲིག་བྱ་ཡུལ་དུ“ཆུ་གློག་ལམ་གསུམ་དང་འཕྲིན་དྲ། ཚན་སློབ་རིག་གསུམ་དང་འཕྲོད་བསྟེན་འགན་བཅོལ”བཅས་ཀྱི་རིམ་སྤོར་འདུ་འགོད་ཁག་བཅུ་ལག་ལེན་བསྟར་ཏེ་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ཁག་བརྟན་པོའི་ངང་ལག་ལེན་བསྟར་བར་འགན་ལེན་བྱས་ནས་གནས་སྤོས་མང་ཚོགས་གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཡོང་བར་ཕྱོགས་ཡོངས་ནས་རོགས་རམ་བྱས་ཡོད།
རྒྱུན་འཁྱོངས་ལྷོད་མེད་ཀྱིས་འབད་བརྩོན་བྱས་པ་བརྒྱུད། 2019ལོའི་ལོ་མཇུག་ཏུ་སླེབས་སྐབས་བོད་ཀྱི་རྫོང(ཆུས)74ཚང་མ་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་བྱུང་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་ནག་སེལ་བ་དང་། ཞིང་འབྲོག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུ་ལེགས་སུ་ཤུགས་ཆེན་ཕྱིན་པ། ཞིང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
འབྲེལ་མཐུད་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབས་པ།
“ང་ཚོས《དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》སོགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱས་ནས་བཏོན་པ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་ལེགས་སྒྲིག་བྱས་ནས‘འགན་ལེན་གསུམ’དང་འཐུང་ཆུའི་བདེ་འཇགས་ཀྱི་གྲུབ་འབྲས་སྲ་བརྟན་དང་། ཐོན་ལས་འཕེལ་རྒྱས། རྣམ་གྲངས་ཀྱི་མ་དངུལ་དོ་དམ། ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར། ཐ་སྐྱོང་འགན་ལེན་སོགས་ཀྱི་འབྲེལ་མཐུད་སྲིད་ཇུས་ཁག་30ལྷག་ཙམ་མཉམ་དུ་བཏོན་ཡོད”ཅེས་རང་སྐྱོང་ལྗོངས་གྲོང་གསེབ་དར་རྒྱས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར་བཤད།
གྲངས་གཞི་ལས་མངོན་པར། 2022ལོའི་ཟླ་1ཚེས་1ཉིན་ནས་བཟུང་། རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཁ་གསབ་ཚད་གཞི་མི་རེར་ཟླ་རེར་སྒོར་910ནས་སྒོར་927བར་མཐོ་རུ་བཏང་བ་དང་། གྲོང་གསེབ་ཀྱི་ཡུལ་མིའི་མ་མཐའི་འཚོ་བ་འགན་ལེན་གྱི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་5060ནས་སྒོར་5160བར་མཐོ་རུ་བཏང་བས་མི་ཁྲི་15.8ལ་ཕན་པ་ཐོབ་ཡོད་པ་རེད། གཅིག་སྡུད་བསྙེན་བཀུར་དང་གྲོང་ཁྱེར་གྱི་ཁ་ཐོར་བསྙེན་བཀུར་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་ཁ་གསབ་རོགས་དངུལ་སྤྲོད་པའི་ཚད་གཞི་མི་རེར་ལོ་རེར་སྒོར་14196ནས་སྒོར་14461བར་སྤར་བ། གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱེད་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཞི་རྩའི་འཚོ་བའི་ཁ་གསབ་ཚད་གཞི་མི་རེར་ལོ་རེར་སྒོར་7590ནས་སྒོར་7740བར་མཐོ་རུ་བཏང་བ་སོགས་དབུལ་པོ་བསྐྱར་ལོག་སྔོན་འགོག་གི་གནས་ཚུལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་ལམ་སྲོལ་གྱི་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ནས་མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣའི་གཞི་རྩའི་འཚོ་བ་འགན་ལེན་བྱས་ཏེ་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་ཆེ་རུ་ཏན་ཏིག་བཏང་བ་རེད།
གྲོང་གསེབ་དར་རྒྱས་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་བ།
བསོད་ནམས་རྒྱལ་མཚན་གྱི་མཚེར་སར་སྐྱོད་སྐབས། ལོ་28ལ་སླེབས་པའི་བསོད་ནམས་རྒྱལ་མཚན་ནོར་ལ་གཟན་རྩྭ་སྟེར་བ་དང་། འོ་མ་འཇོ་བ། ཕྱུགས་ཚང་ཕྱགས་པ་སོགས་བྲེལ་བརྩོན་ཆེན་པོ་འདུག ལོ་28ལ་སླེབས་པའི་བསོད་ནམས་རྒྱལ་མཚན་ནི་2017ལོར་སློབ་ཆེན་ཐོན་རྗེས་ཕ་ཡུལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་གོ་སྐབས་དང་བསྟུན་ནས་ཏང་དང་སྲིད་གཞུང་གི་རོགས་སྐྱོར་འོག་མཚེར་ས་གཉེར་ནས་ཡར་ཆབ་གངས་ནོར་གསོ་ཚགས་བྱས་པས་རང་ཉིད་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་ཐུབ་པ་མ་ཟད། ད་དུང་ཡུལ་མིར་འབབ་འཕར་ཡོང་བར་སྐུལ་ཁྲིད་ཀྱང་བྱས་པ་རེད།
རང་ལྗོངས་སུ་བསོད་ནམས་རྒྱལ་མཚན་དང་འདྲ་བའི་ན་གཞོན་མང་པོ་ཡོད། ཁོང་ཚོ་ཚང་མས་ཕ་ཡུལ་འཕེལ་རྒྱས་མྱུར་པོ་འགྲོ་བའི་གོ་སྐབས་ལ་དམིགས་ནས་རང་ཉིད་ཀྱི་ཕུགས་བསམ་མངོན་དུ་གྱུར་པ་དང་ཆབས་ཅིག གྲོང་གསེབ་དར་རྒྱས་ལའང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད།
ལྷ་ས་གྲོང་ཁྱེར་གྱིས་བདེ་སྡོད་དང་ལས་བརྩོན་གལ་ཆེ་མཉམ་འཛིན་མཐའ་འཁྱོངས་ཀྱིས་གྲོང་གསེབ་འཛུགས་སྐྲུན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་ཧུར་ཐག་བཏང་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། 2022ལོར་རིམ་སྤོར་རིགས(སྡོད་མལ་ཁོར་ཡུག་བཅོས་སྒྲིག)ཀྱི་རྣམ་གྲངས་12ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་4.39གཏོང་རྩིས་ཡོད་པ་དང་གྲོང་ཚོ་ཧྲིལ་པོར་སྐུལ་སྤེལ་རིགས(གྲོང་གསེབ་དར་རྒྱས་གཏོང་བའི་དཔེ་སྟོན་སྣེ་ཁྲིད་གྲོང་ཚོ་འཛུགས་སྐྲུན)ཀྱི་རྣམ་གྲངས་14ལག་ལེན་བསྟར་ནས་མ་དངུལ་སྒོར་དུང་ཕྱུར་4.7གཏོང་རྩིས་ཡོད་པ་རེད།
རིམ་པ་བཞིན་གདམ་གསེས་བྱས་པ་བརྒྱུད། ཞིང་ལས་གྲོང་གསེབ་པུའུ་དང་རྒྱལ་ཁབ་གྲོང་གསེབ་དར་རྒྱས་ཅུས་ནས་འཛུགས་གཏོད་ཞིབ་དཔྱད་བྱས་པ་བརྒྱུད། ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་2022ལོའི་རྒྱལ་ཁབ་ཀྱི་གྲོང་གསེབ་དར་རྒྱས་དཔེ་སྟོན་རྫོང་དུ་བདམས་པ་རེད།