དབུ་ཤོག>ཞིང་འབྲོག་གསར་པ།
  • མཚོ་མོ་ངང་ལྷ་རིང་པོའི་འགྲམ་གྱི་ཕྱུག་འགྱུར་སྣེ་ཁྲིད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-11-01

    རྒྱབ་ལྗོངས།

    ཚེ་རིང་དར་པ་ནི་རུ་ཐོག་རྫོང་རི་གསུམ་ཤང་སྡེ་རོག་གྲོང་ཚོ་ནས་ཡིན་ཞིང་། ད་རྒན་ནད་ཕོག་པ་དང་གཟུགས་སྟོབས་ཆུང་བའི་རྐྱེན་གྱིས་ཤུགས་ལས་བྱེད་མི་ཐུབ་པར་གྲོང་ཚོའི་ནང་གི་དབང་པོ་སྐྱོན་ཅན་འབའ་ཞིག་དེ་རེད། འོན་ཀྱང་ཚེ་རིང་དར་པས་དེའི་དབང་གིས་ཡིད་ཐང་ཆད་ནས་མ་བསྡད་པར་1994ལོར་ལོ་ན་གཞོན་པའི་ཚེ་རིང་དར་པས་གྲོང་ཚོའི་ནང་གི་ཚོང་ཁང་ཞིག་ཚོང་གཉེར་དོ་དམ་བྱེད་འགོ་བཙུགས་པས་རང་ཉིད་ལ་ཡང་ཡོང་འབབ་རིམ་བཞིན་བྱུང་། ཕྱིས་སུ་ཁོང་གིས་སྒོར་ཁྲི་1.5བཏང་ནས་འདྲུད་འཐེན་འཁོར་ལོ་ཉོས་ཏེ་ལས་ཡུལ་དུ་སྐྱེལ་འདྲེན་ལས་ལ་གཞོལ་བས་འཚོ་བ་གཞི་ནས་ལེགས་སུ་ཕྱིན་ཡོད། 1999ལོར་ཚེ་རིང་དར་པས་རུ་ཐོག་རྫོང་དུང་རུ་ཤང་ནས་ཡིན་པའི་བདེ་སྐྱིད་ལྷ་མོ་དང་གཉེན་སྒྲིག་བྱས་ཏེ་བུ་མོ་གཉིས་དང་བུ་གཅིག་སྐྱེས་པ་དང་། 2008ལོར་ཚེ་རིང་དར་པས་མ་དངུལ་བཏོན་ནས་ཚོང་ཁང་ཆུང་ཆུང་ཞིག་འགན་གཙང་བླངས་པ་མ་ཟད། ད་དུང་རུ་ཐོག་རྫོང་གི་འབྲོག་ཁུལ་ཁག་ཏུ་བརྒྱ་ཟོག་འཚོང་བར་ཕྱིན། 2009ལོར་ཁོང་གིས་དངུལ་བུན་གཡར་བ་དང་མ་དངུལ་སྒོར་ཁྲི་64བཏང་སྟེ་གྲོང་ཚོའི་ནང་གི་ལྕགས་གཞོང་རླངས་འཁོར་དང་པོ་དེ་ཉོས་པར་ཉིན་རེར་ཉུང་དུས་སྒོར་བརྒྱ་ཕྲག་ཁ་ཤས་དང་མང་དུས་སྒོར་སྟོང་ཕྲག་ཡན་རག་གི་ཡོད། 2011ལོར་ཁོང་གིས་ཚོང་རྒྱག་པ་དང་། སྐྱེལ་འདྲེན་ལས་ལ་གཞོལ་བ། ཁུ་ལུ་འཚོང་བ་བཅས་བྱས་པར་བརྟེན་ཚེ་རིང་དར་པའི་ཁྱིམ་གྱི་ཡོང་འབབ་སྒོར་ཁྲི་5ལས་བརྒལ་ཡོད།

    ལོ་དེ་དག་ནང་ཚེ་རིང་དར་པ་དང་བདེ་སྐྱིད་ལྷ་མོས་རང་ཉིད་སྐལ་བ་བཟང་པོ་དང་འཕྲད་པར་སྙམ་པ་སྟེ། ང་ཚོས་དུས་རབས་བཟང་པོ་ཞིག་གི་རྗེས་ཟིན་སོང་། དབང་པོ་སྐྱོན་ཅན་གྱིས་འབད་བརྩོན་བྱས་པ་བརྒྱུད་འཚོ་བ་ཡག་པོ་ཞིག་སྐྱེལ་ཐུབ་པ་མ་ཟད། ཁྱིམ་ཚང་ཡང་བདེ་སྐྱིད་ཕུན་སུམ་ཚོགས་པོ་དེ་འདྲ་བྱུང་ཡོད།

    2012ལོར《བོད་ལྗོངས་ཉིན་རེའི་ཚགས་པར》གྱི“བདེ་སྐྱིད་ལྡན་པའི་ས་མཐོའི་མཉམ་འཛོམས་འདྲ་པར”ལེ་ཚན་ནང་རུ་ཐོག་རྫོང་རི་གསུམ་ཤང་སྡེ་རོག་གྲོང་ཚོའི་ཚེ་རིང་དར་པའི་སྐོར་བཀོད་ཡོད། ཆུང་དུས་ནས་ད་རྒན་ནད་ཕོག་པའི་ཁོང་གིས་མཚོ་མོ་ངང་ལྷ་རིང་པོའི་འགྲམ་དུ་ཕྱུགས་འཚོས་ནས་སྡོད་པ་དང་གཟུགས་པོའི་རིང་ཚད་ལ་སྨི་1.6ཡང་ཟིན་གྱི་མེད་ལ་རིག་གནས་ཀྱང་མེད། འོན་ཀྱང་ཁོང་གིས་ལས་དབང་གི་མདུན་དུ་མགོ་བོ་སྒུར་ནས་མ་བསྡད་པར་ཏང་གི་དམངས་ཕན་སྲིད་ཇུས་དང་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་འབྱོར་ཕྱུག་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་བཞིན་ཡོད།

    ད་ཆ་ལོ་10འདས་ཟིན་པ་དང་། ཚེ་རིང་དར་པའི་ཁྱིམ་གྱི་འཚོ་བ་ཇི་ཙམ་བསྐྱལ་བ་དེ་ཙམ་གྱིས་ཡག་ཏུ་འགྲོ་བཞིན་ཡོད། འོན་ཀྱང་ཚེ་རིང་དར་པས་ཕྱུག་འགྱུར་ཐད་ཡུལ་མི་ཚོ་མི་བརྗེད་པར་སྡེ་རོག་གྲོང་ཚོའི་གྲོང་མིའི་སྣེ་འཁྲིད་དེ་གྲོང་དར་དམངས་ཕྱུག་གི་ལམ་བུ་མཉམ་དུ་འཚོལ་ཞིབ་བྱས་ནས་ཕྱུག་འགྱུར་ལམ་བུའི་སྣེ་ཁྲིད་པ་ཞིག་ཏུ་གྱུར་ཡོད།

    2014ལོར་སྡེ་རོག་གྲོང་ཚོར་བྱེ་མ་འཁྲུ་སའི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཞིག་བཙུགས་པ་དང་ཚོང་གཉེར་གྱི་ཉམས་མྱོང་ཕུན་སུམ་ཚོགས་པའི་ཚེ་རིང་དར་པ་གྲོང་མིས་བྱེ་མ་འཁྲུ་སའི་དོ་དམ་པར་བདམས་པ་རེད། ཁོང་གིས“སྐབས་དེ་དུས་གྲོང་ཚོས་ང་བཙལ་ནས་བྱེ་མ་འཁྲུ་སར་དོ་དམ་བྱེད་དུ་བཅུག་བྱུང་། སྔོན་ལ་ཕྱུག་པོ་ཆགས་པའི་ཏང་ཡོན་ཞིག་ཡིན་པའི་ངས་ཡུལ་མི་དེ་བས་མང་བ་མཉམ་དུ་ཕྱུག་པོར་གྱུར་པའི་འགན་འཁྲི་དང་འོས་འགན་ཡོད་པས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཁས་བླངས་པ་ཡིན”ཞེས་བརྗོད་པ་རེད།

    རུ་ཐོག་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་ལྷག་དོན་དུ་ལས་གྲྭའི་རྣམ་གྲངས་ལ་བྱེ་རྡོའི་རྒྱུ་ཆའི་དགོས་མཁོ་ཉིན་བཞིན་མང་དུ་ཕྱིན་པ་དང་། དེའི་ཐོག་ཚེ་རིང་དར་པས་དོ་དམ་ཞིབ་ཚགས་བྱས་པ་བརྒྱུད། སྡེ་རོག་གྲོང་ཚོའི་བྱེ་མ་འཁྲུ་སའི་ཕན་འབྲས་ཆེ་རུ་ཕྱིན་ནས་སྤྱིའི་ཡོང་འབབ་2014ལོའི་སྒོར་ཁྲི་120ནས་ན་ནིང་གི་སྒོར་ཁྲི་500བར་འཕར་ཡོད་པ་རེད། དེ་དང་ཆབས་ཅིག་གྲོང་ཚོའི་དཀའ་ངལ་ཡོད་པའི་ཁྱིམ་ཚང་ལ་ལྟ་རྟོག་བྱ་ཆེད། ཚེ་རིང་དར་པས་ད་དུང་རང་ཁྱིམ་གྱི་སོ་ཕག་བཟོ་གྲྭའི་ཡོང་འབབ་ནས་མ་དངུལ་བཏོན་ཏེ་གྲོང་ཚོ་གཅིག་པའི་དཀའ་ངལ་ཡོད་པའི་དུད་ཚང་15ལ་ཞལ་འདེབས་བརྒྱབ་པ་རེད།

    ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པ་དགའ་ཞེས་པའི་དཔེ་ལྟར། ཚེ་རིང་དར་པས་ཐབས་བརྒྱ་ཇུས་སྟོང་ངང་ཡུལ་མི་ཚོར་ཕྱུག་འགྱུར་ལམ་བུ་འཚོལ་རོགས་བྱས་ཤིང་། ལོ་དེ་དག་ནང་ཁོང་གིས་སྔ་རྗེས་སུ་གྲོང་མི་50ལྷག་ཙམ་ལ་ལས་ཀ་འཚོལ་རོགས་བྱས་ཡོད། དུད་ཚང་དབུལ་པོ་ཡིན་པའི་ཆོས་སྒྲོན་གྱི་བཟའ་ཟླ་གྲོངས་པས་ཁྱིམ་དུ་ངལ་རྩོལ་ནུས་ཤུགས་མེད་པར་བརྟེན་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། ཚེ་རིང་དར་པས་ཕྱོགས་མང་པོའི་ཐད་ནས་བརྟག་དཔྱད་བྱས་པ་བརྒྱུད་ཁོང་ལ་ལས་ཡུལ་ལྟ་སྲུང་གི་ལས་ཀ་ཞིག་འཚོལ་རོགས་བྱས། ལག་པ་གཅིག་ལས་མེད་པའི་དབང་པོ་སྐྱོན་ཅན་ཚེ་རིང་གྲགས་པར་རོགས་རམ་བྱ་ཆེད། ཚེ་རིང་དར་པས་ཁོང་རང་ཉིད་ཀྱི་སོ་ཕག་བཟོ་གྲྭར་བཅུག་ནས་སོ་ཕག་ལ་གྲངས་ཀ་རྒྱག་པའི་ལས་ཀའི་འགན་འཁུར་དུ་བཅུག་སྟེ་ཉིན་རེར་ལས་ཀ་ཆུ་ཚོད་1ཙམ་བྱས་པར་ཟླ་རེར་གླ་ཆ་སྒོར་3000སྤྲོད་ཀྱི་ཡོད།

    “ང་གཅིག་པུ་ཕྱུག་པོ་ཆགས་ན་ཕྱུག་པོ་མིན། གྲོང་ཚོ་ཡོངས་ཕྱུག་པོ་ཆགས་ན་ཕྱུག་པོ་ངོ་མ་ཡིན”ཞེས་ཚེ་རིང་དར་པས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 德吉普尺

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།