དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་གཞིས་རྩེས་ཁྱད་ལྡན་ཐོན་རྫས་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2022-08-07

    གཙང་ཞིང་དཀར་ཆ་དོད་པའི་སྒེའུ་ཁུང་ནས་ཁང་པའི་ནང་དུ་བལྟས་ཚེ་ཚ་ཚ་འུར་འུར་གྱི་རྣམ་པས་ཁེངས། ཞིང་འབྲོག་མང་ཚོགས་ཀྱིས་འདྲུད་འཐེན་འཕྲུལ་འཁོར་ནང་ནས་ཡོས་བླུགས་པའི་སྒྱེ་མོ་དུས་ངེས་མེད་ངང་འདི་གར་དབོར་བཞིན་འདུག སྲོལ་རྒྱུན་ཆུ་འཐག་གི་ལག་རྩལ་རྒྱུན་འཛིན་བྱེད་པའི་འཕྲུལ་ཆས་ཅན་གྱི་སྒྲིག་ཆས་དང་བྱང་ཆུབ་པའི་ལག་རྩལ་ལ་བརྟེན་ནས་ཆུ་འཐག་ཁང་དུ་ཡོང་མཁན་སྐུ་མགྲོན་རྒྱུན་ཆད་ཀྱི་མེད། འདི་གར་རྩམ་པ་འཐག་པར་ཡོང་མཁན་ཉེ་འཁོར་གྲོང་ཚོའི་གྲོང་མི་ཡོད་ལ། བོད་རིགས་ཀྱི་སྲོལ་རྒྱུན་ཞིང་ལས་ཐོན་སྐྱེད་བཟོ་རྩལ་ཉམས་ལེན་བྱེད་པར་ཡོང་མཁན་གྱི་ཡུལ་སྐོར་བའང་ཡོད། “སྲོལ་རྒྱུན་ཡིན་ཞེས་བརྗོད་དོན་ནི་གཙོ་བོ་ཕྱི་ནས་བལྟས་ན་གདོད་མའི་རྣམ་པ་ཡིན་ཡང་དོན་དངོས་ཐོག་ལག་རྩལ་གསར་པ་མི་ཉུང་བ་ཞིག་སྤྱད་ཡོད”ཅེས་གྲོང་མི་ཚེ་རིང་གིས་བཤད། སྲོལ་རྒྱུན་གྱི་ཆུ་འཐག་དང་ལག་རྩལ་གསར་པ་ཟུང་འབྲེལ་བྱས་པས་དེ་སྔའི་ལས་ཕྱོད་ཅུང་དམའ་བའི་རྩམ་པའི་ཐོན་ཚད་སྔར་བས་མང་དུ་ཕྱིན་པ་དང་སྦྲགས། ཐོན་སྐྱེད་རིན་ཐང་དང་མྱོང་རོལ་རིན་ཐང་གཉིས་ཀ་མངོན་འགྱུར་བྱུང་ཡོད། 2021ལོར་ཚོང་གཉེར་ཟླ་བརྒྱད་བྱས་པའི་རྩམ་པ་འཐག་ཁང་ལ་ཡོང་འབབ་སྒོར་ཁྲི་6ལྷག་ཙམ་བྱུང་ཡོད།

    “མཉམ་སྡེབ་ཐོན་ལས་ཀྱི་ཡོང་འབབ་སྤྱིར་ན་མེད་པ་ནས་ད་ཆ་ལོ་རེར་ཆ་སྙོམས་སྒོར་ཁྲི་80ལས་བརྒལ་བ་དང་བསོད་སྐད་གྲོང་ཚོར་ད་ཆ་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་2ལས་བརྒལ་ཡོད། རིག་གནས་ཡུལ་སྐོར་དང་ཞིང་ལས་ཟུང་འབྲེལ་བྱས་པས་གྲོང་མིའི་ཡོང་སྒོ་ཉིན་རེ་ལས་མ་འདས་པར་སྣ་མང་ཅན་དུ་གྱུར་ནས་ཡོང་འབབ་བརྟན་པོ་ཡོང་བའི་འགན་ལེན་ཐུབ་ཡོད”ཅེས་བསོད་སྐད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཕུར་བུ་དོན་གྲུབ་ཀྱིས་བཤད།

    ལོ་གསུམ་གོང་དབུལ་སྒྲོལ་ཐུབ་མ་ཐག་པའི་བསོད་སྐད་གྲོང་ཚོའི་རྣམ་པ་དེ་འདྲ་མ་རེད། མང་ཚོགས་དབུལ་སྒྲོལ་ཐུབ་ཀྱང་གྲོང་ཚོའི་ཐོན་ལས་བལྟོས་བཅས་ཀྱིས་ཉམས་ཞན་དང་ཡོང་འབབ་དབུལ་ཕོངས་ཀྱི་གནས་ལས་ཅུང་མཐོ་ཙམ་ལས་མེད་ལ། གྲོང་ཚོའི་རྣམ་པ་ཡང་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པ་དེ་བས་སྨོས་མི་དགོས་པ་ཞིག་རེད། བོད་ཀྱི་ཞིང་ལས་རྫོང་གལ་ཆེན་ཞིག་ཡིན་པའི་རྒྱལ་རྩེ་རྫོང་དུ་མི་འབོར་མང་བ་དང་ཐོན་ལས་བལྟོས་བཅས་ཀྱིས་རྗེས་ལུས་ཐེབས་པ་ནི་གཞིས་རྩེས་དབུལ་སྒྲོལ་འགག་སྒྲོལ་ནས་གྲོང་གསེབ་དར་རྒྱས་གཏོང་བར་འཕྲད་པའི་དཀའ་ངལ་གྱི་བསྡུས་རིས་ཤིག་རེད།

    དབུལ་སྒྲོལ་ཐད་སྲིད་ཇུས་ཀྱི་ཐ་སྐྱོང་བ་དང་དར་རྒྱས་གཏོང་བར་སྔར་བཞིན་ཐོན་ལས་ཀྱིས་འདེགས་སྐྱོར་བྱེད་དགོས། “ཇི་ལྟར་བྱས་ནས་འཕེལ་རྒྱས་གཏོང་དགོས་པ”དེ་ནི་རྒྱལ་རྩེ་རྫོང་ལ་འཕྲད་པའི་དཀའ་གནད་ཅིག་རེད།

    རྒྱལ་རྩེའི་རང་བྱུང་ཐོན་ཁུངས་ལ་གཞི་ཚུཌ་ནས་“རྒྱལ་ལམ་དང་ཞིང་ལས་ཐོན་ལས”ཟུང་འབྲེལ་བྱེད་པ་ནི་ཐབས་ལམ་གསར་པ་ཞིག་རེད། ཧྲང་ཧའེ་ཡི་བོད་སྐྱོར་ལས་བྱེད་པ་རྒྱལ་རྩེ་རྫོང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ཀྲང་དབྱི་སོགས་ཀྱིས་བསོད་སྐད་གྲོང་ཚོའི་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་རྙེད་པ་སྟེ། གྲོང་ཚོའི་རྣམ་པ་ལེགས་སུ་ཤུགས་ཆེན་བཏང་སྟེ་ནས་འདེབས་འཛུགས་དཔེ་སྟོན་རྟེན་གཞི་དང་སྲོལ་རྒྱུན་གྱི་ཆུ་འཐག་ཁང་བསྐྲུན་རྒྱུ་དེ་ཡིན་པ་དང་དེ་དག་གིས་རྒྱལ་ལམ་ཐོག་ཕར་འགྲོ་ཚུར་འོང་བྱེད་མཁན་ཡུལ་སྐོར་བའི་ཡིད་དབང་རབ་ཏུ་བཀུག་ཡོད། ད་ཆ་བསོད་སྐད་གྲོང་ཚོར་སྐྱོད་སྐབས་གྲོང་ཚོའི་བཀོད་པ་ལེགས་ལ་གཙང་སྦྲ་ཤིན་ཏུ་དོད་ཡོད།

    སྟོན་དུས་རླུང་བུ་ལྡང་བ་དང་། སྙེ་མའི་མགོ་ལྕོག་ལྡེམ་ལྡེམ་བྱས་ཤིང་། དགུང་སྔོན་སྤྲིན་དཀར་འོག་ཏུ་ཞིང་པ་ཚོས་ཚ་ཚ་འུར་འུར་ངང་ཞིང་ལས་བྱེད་པ་ལ་སོགས་བསོད་སྐད་གྲོང་ཚོའི་རྣམ་པས་ཡུལ་སྐོར་བ་མང་པོའི་ཡིད་དབང་རབ་ཏུ་བཀུག་ཡོད། ལྗོངས་གཟིགས་སྟེགས་བུར་ཚེ་རིང་གིས་གསར་འགོད་པར“སྟོན་དུས་འདིར་ཡོང་མཁན་ཡུལ་སྐོར་བས་དེ་གའི་ཡུལ་ལྗོངས་ལ་པར་རྒྱག་རྒྱུར་དགའ་པོ་བྱེད་ཀྱི་འདུག ཞིང་ནང་དང་མུ་ཁར་པར་ལེན་བྱེད་པ་ནས་ཆུ་འཐག་ཁང་དུ་ཐོན་སྐྱེད་ཉམས་ལེན་བྱེད་པའི་བར་ཡུལ་སྐོར་བ་ཚོས་བསོད་སྐད་གྲོང་ཚོ་ནས་བོད་ཀྱི་ཁྱད་ལྡན་ཞིང་ལས་ཐོན་སྐྱེད་བྱེད་སྟངས་མྱོང་རོལ་བྱེད་ཐུབ་ཀྱི་ཡོད་ལ། དེ་གར་ངལ་གསོས་ནས་སྤྲོ་གསེང་ཡང་བྱེད་འདོད་བྱེད་ཀྱི་འདུག”ཅེས་བཤད།

    ཡུལ་སྐོར་བ་མང་དུ་ཕྱིན་པ་ལས་འཛད་སྤྱོད་བྱེད་མཁན་ཡང་མང་དུ་ཕྱིན་པ་དང་ཡུལ་སྐོར་བ་ཚོས་ད་དུང་ནས་ཡོས་དང་། ནས་ཆང་། ནས་ཀྱི་བག་ལེབ་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་ཉོས་ཏེ་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཀྱི་ཡོད།

    རིག་གནས་ཡུལ་སྐོར་ཐོན་ལས་སྔར་བས་འཕེལ་རྒྱས་ཕྱིན་པ་དང་ཐོན་རྫས་ཀྱང་མང་དུ་སོང་ནས་བསོད་སྐད་གྲོང་ཚོའི་ནས་ཀྱི་ཐོན་རྫས་ཀྱིས་གྲོང་མིར་ཡོང་འབབ་དེ་བས་མང་བ་གཏོད་བཞིན་ཡོད།

    ངོ་སྤྲོད་བྱས་པར་གཞིགས་ན། གཞིས་རྩེས་ཐོན་ལས་མ་དངུལ་སྒོར་དུང་ཕྱུར་10.74བཏང་ནས་ཐོན་ལས་རྣམ་གྲངས་226ལག་བསྟར་བྱས་པ་དང་། ཆེད་ལས་མཉམ་ལས་རྩ་འཛུགས་ཚད་ལྡན་དང་རིམ་སྤོར་བྱས་པ། རང་སྐྱོང་ལྗོངས་རིམ་པ་ཡན་གྱི་དཔེ་སྟོན་མཉམ་ལས་ཁང་206ཟིན་པ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྩ་འཛུགས་ཕྱོགས་ཡོངས་ལ་ཁྱབ་པ། མང་ཚོགས་ལ་ཁེ་སྤོགས་སྒོར་དུང་ཕྱུར་6ལྷག་ཙམ་བགོས་ཏེ་གྲོང་གསེབ་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཕྱུག་འགྱུར་སྣེ་ཁྲིད་ཀྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    ཇོ་མོ་གླང་མའི་འདབས་ཀྱི་གཞིས་རྩེར་ས་གནས་དེ་གའི་དོན་དངོས་ལ་གཞི་ཚུགས་པའི་ཁྱད་ལྡན་གྲོང་ཚོ་ཁག་གཅིག་ལ་འགྱུར་ལྡོག་འགྲོ་བཞིན་ཡོད་པ་སྟེ། གྲོ་མོ་རྫོང་བང་མདའ་གྲོང་ཚོའི་སྡོད་ཁང་གསར་རྐྱང་དུ་གྱུར་པ་དང་གྲོང་མིའི་སྡོད་ཁང་དེ་གྲོང་ཚོས་གཅིག་གྱུར་ཐོག་གཉེར་སྐྱོང་བྱེད་པའི་དམངས་སྲོལ་གནས་ཚང་དུ་གྱུར་ཏེ་གྲོང་མིར་ཡོང་འབབ་གསར་པ་བཏོད་ཡོད། ལྷ་རྩེ་རྫོང་གི་བྱང་གོང་གྲོང་ཚོའི་སྲང་ལམ་གཙང་སྦྲ་དོད་ལ་གྲོང་ཚོའི་བོད་བཟོའི་རིག་གནས་བར་ཁྱམས་ཀྱི་ཁྱད་ཆོས་དེ་བས་ཟབ།

    “ང་ཚོས་བོད་ལ་འཚམ་པ་དང་ནུབ་རྒྱུད་ས་ཁུལ་ལ་འཚམ་པའི་དར་རྒྱས་ལམ་བུ་འཚོལ་ཞིབ་གང་ལེགས་བྱེད་ཀྱི་ཡོད། ཁྱད་ཆོས་ལ་གཞི་ཚུགས་ནས་ང་ཚོས་ཡུལ་བབ་དང་བསྟུན་ཏེ་འཕེལ་རྒྱས་དོན་གཉེར་བྱེད་པ་དང་ནང་སྐྱེས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་གྲོང་ཚོ་དེ་བས་མང་བ་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ཁྲིད་བྱེད་ཀྱི་ཡོད”ཅེས་ཧྲང་ཧའེ་བོད་སྐྱོར་ལས་བྱེད་པ་ཁག་དགུ་པའི་འབྲེལ་གཏུག་ཚོགས་ཆུང་གི་ཙུའུ་ཀྲང་གཞིས་རྩེ་གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་མོང་ཝུན་ཧའེ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛次仁

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།