དབུ་ཤོག>ཞིང་འབྲོག་གསར་པ།
  • སྔོན་ཆད་ཀྱི་གྲམ་ཐང་དེ་སྔོ་ལྗང་སྤང་ལྗོངས་སུ་གྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-15

    d2fe273c-2d37-423d-bc09-94292a1afa9f.jpg.jpg

    འདི་ནི་གེ་དམར་གྲོང་ཚོའི་ཕྲུ་གུ་ཚོས་པད་ཁའི་ཞིང་ནང་དུ་རྩེད་འཇོར་རོལ་བ།

    ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་ལྷོ་མ་གྲོང་རྡལ་གེ་དམར་གྲོང་ཚོར་དབྱར་དུས་མུའུ་ཆིག་སྟོང་ཟིན་པའི་པད་ཁའི་མེ་ཏོག་རབ་ཏུ་བཞད་དེ་སྔོ་ཐིང་ཐིང་གི་བྱང་རྩྭ་ཐང་ལ་གསེར་མདོག་གི་མཛེས་ལྗོངས་ཤིག་བསྣན།

    ཤིན་ཏུ་མཛེས་སྡུག་ལྡན་པའི་རྩྭ་ར་དེ་ལོ་ངོ་40ལྷག་ཙམ་གྱི་གོང་དུ་གྲམ་ཐང་ཞིག་ཡིན་པ་སུས་ཤེས་ཐུབ།

    ལོ་དེར་རྩྭ་རྐང་གཅིག་ཀྱང་མི་སྐྱེ་བའི་གྲམ་ཐང་དེར་ཕྱུགས་འཚོ་ཐབས་མེད་པའི་ཁར་རྟག་ཏུ་ལྷགས་པ་ཆེན་པོ་བརྒྱབ་ནས་གང་སར་ཐལ་རྡུལ་གྱིས་ཁེངས་ཏེ་ས་གནས་དེ་གའི་འབྲོག་པར་དཀའ་ངལ་ཆེན་པོ་འཕྲད།

    གནས་ཚུལ་དེ་རིགས་ལ་འགྱུར་ལྡོག་གཏོང་ཆེད་ས་གནས་དེ་གའི་ལས་བྱེད་པས་འབྲོག་པའི་སྣེ་ཁྲིད་དེ་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་རྒྱུའི་སེམས་ཐག་བཅད་ཐོག་གྲམ་ཐང་དེ་སྔོ་ལྗང་སྤང་ལྗོངས་སུ་འགྱུར་རྒྱུའི་དམ་བཅའ་བཞག

    ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ལོ་ངོ་40རིང་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད་མཐར་གྲམ་ཐང་དེ་ད་ཆའི་སྔོ་ལྗང་སྤང་ལྗོངས་སུ་གྱུར།

    ལྷག་པར་དུ་2017ལོ་ནས་བཟུང་ནག་ཆུ་གྲོང་ཁྱེར་གསེར་རྙེད་ཆུས་སྒར་སྡེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིར་གེ་དམར་གྲོང་ཚོའི་མང་ཚོགས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་ཚོད་ལྟའི་ནང་ཞུགས་སུ་བཅུག་པ་དང་རྩྭ་འདེབས་བྱ་གཞག་དེར་ཆེད་ལས་ཚན་རྩལ་མི་སྣ་དང་དེང་རབས་ལག་རྩལ་གྱི་རྒྱབ་སྐྱོར་ཐོབ་ཡོད།

    2021ལོར་ཀྲུང་གོ་ཚན་རིག་ཁང་མཚོ་བོད་ས་མཐོའི་ཞིབ་འཇུག་སུའོ་དང་པེ་ཅིང་ནགས་ལས་སློབ་ཆེན་ཆེད་ལས་ཞིབ་འཇུག་དཔུང་ཁག་གི་རོགས་རམ་འོག་དེ་གའི་ཕྱུགས་རྩྭ་འདེབས་འཛུགས་བྱ་རྒྱུ་དེ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་ནས་པད་ཁ་དང་ཕྱུགས་རྩྭ་མཉམ་དུ་བསྲེས་ནས་འདེབས་འཛུགས་བྱས་པ་རེད།

    “ལོ་ལྟར་ཟླ་9པ་ཙམ་ལ་ང་ཚོས་ཕྱུགས་རྩྭ་རྔ་སྐབས་རྩྭ་རའི་རྩྭའི་རྩ་བ་དང་པད་ཁའི་སོག་མ་ཉར་ཚེ་ས་ཆུ་མི་ཤོར་བ་མ་ཟད། ད་དུང་ལྷས་རར་གསོས་པའི་འབྲི་གཡག་ལ་པད་ཁའི་སོག་མ་སྟེར་ཆོག་ཅིང་། དེ་ལྟར་བྱས་ཚེ་འབྲིའི་འོ་མ་དང་ཚགས་ཤའི་སྤུས་ཚད་ཀྱང་ལེགས་སུ་འགྲོ་གི་ཡོད” སྒར་སྡེ་སྐྱེ་ཁམས་འབྲོག་ལས་ཐོན་ལས་དཔེ་སྟོན་རྟེན་གཞིའི་འགན་འཁུར་བ་མིང་རྒྱལ་མཐར་གྱིས་མི་ཐབས་ལ་བརྟེན་ནས་རྩྭ་འདེབས་པའི་རྣམ་གྲངས་སྐོར་གླེང་སྐབས“དུས་མཚུངས་འབྲི་གཡག་གི་ལྕི་བས་ཀྱང་ས་སྤུས་ལེགས་སུ་ཕྱིན་ནས་ས་རྒྱུ་དེ་བས་གཤིན་པོ་བྱུང་སྟེ་ཕྱི་ལོ་རྩྭ་དེ་བས་ཡག་པོ་སྐྱེ་ཐུབ”ཅེས་བཤད།

    ཟླ་7པར་གེ་དམར་གྲོང་ཚོའི་ཡུལ་ལྗོངས་མཛེས་ཤོས་ཀྱི་སྐབས་ཡིན་པ་དང་རྒྱང་ལྟ་བྱས་ཚེ་མུ་མཐའ་མེད་པའི་མེ་ཏོག་སེར་ཆིལ་ལེར་བཞད་པ་དང་བསིལ་རླུང་ལྡང་སྐབས་ཨ་སྔོན་སྤྲིན་དཀར་དང་སྤང་ལྗོངས་ཀྱི་མཛེས་རྒྱན་འོག་དེ་མཚར་སྡུག་རྣམ་པར་བཀྲ་བ་ཞིག་ཡོད།

    པད་ཁའི་མེ་ཏོག་གམ་དུ་གྲལ་སྟར་འགྲིག་པའི་རྡོ་མང་པོ་སྤུངས་པ་དེ་དག་ཡུལ་དེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རྩྭ་ར་ནས་བསྒྲུགས་པ་ཤ་སྟག་རེད། ད་ཆ་དེ་དག་རྩྭ་རའི་གམ་དུ་བྱས་རྗེས་རྡོ་རིང་ཞིག་དང་འདྲ་བར་ས་གཞི་དེར་བྱུང་བའི་འགྱུར་ལྡོག་བདེན་དཔང་ཐུབ་ལ་གེ་དམར་གྲོང་ཚོའི་ལས་བྱེད་པ་དང་མང་ཚོགས་ཚོས་ལོ་ངོ་40རིང་འབད་བརྩོན་དང་མཐའ་འཁྱོངས་བྱས་པའང་བདེན་དཔང་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།