དབུ་ཤོག>ཞིང་འབྲོག་གསར་པ།
  • ​ལྷ་རི་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་སྐུལ་འདེད་བཏང་བའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-07-10

    ད་ལོ་ནས་བཟུང་། ལྷ་རི་རྫོང་གིས་གྲོང་གསེབ་དར་རྒྱས་ཀྱི“ཐོན་ལས་དར་རྒྱས་དང་། སྐྱེ་ཁམས་སྡོད་མལ་ལ་འཚམ་པ། ཡུལ་སྲོལ་བཟང་བ། བཅོས་སྐྱོང་ནུས་ལྡན། འཚོ་བ་འབྱོར་ཕྱུག”བཅས་ཀྱི་སྤྱིའི་བླང་བྱ་ལྟར། ལས་ཀའི་གཙོ་གནད་དམ་འཛིན་བྱས་ཏེ་མུ་མཐུད“མཚམས་འཇོག་མི་བྱེད་པ་བཞི”ཡི་བླང་བྱ་གཞིར་བཟུང་དབུལ་ལོག་དང་དབུལ་པོར་འགྱུར་རྒྱུ་སྔོན་འགོག་བྱེད་པའི་ལྟ་ཞིབ་ཚད་ལེན་དང་ཉེན་ཟོན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་ཐད་ཤུགས་བརྒྱབ་ནས་ཏང་སྲིད་ཀྱི“འགོ་ཁྲིད་ཨང་དང་པོས”དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བར་དམ་འཛིན་བྱེད་པ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་གྱི་བཀོད་པ་ཞིག་ཆགས་པར་བྱས་ནས་འབྲོག་ལས་སྟོབས་ཆེར་གཏོང་བ་དང་། འབྲོག་ཁུལ་མཛེས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གྲོང་གསེབ་དར་རྒྱས་ཀྱི་རྣམ་པ་ཞིག་རིམ་བཞིན་མངོན་པར་བྱས་ནས་མཛེས་སྡུག་ལྡན་པའི་ལྷ་རི་ཞིག་བྱང་རྩྭ་ཐང་དུ་རིམ་བཞིན་དར་རྒྱས་འགྲོ་བཞིན་ཡོད་པ་རེད།

    ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་བཏང་བ།

    ཉང་གཡག་ཐོན་ཡུལ་ལྷ་རི་རྫོང་མཚོ་སྟོད་ཤང་གི་ས་བབ་མཐོ་བ་དང་། རྩྭ་ཐང་རྒྱ་ཆེ་བ། འབྲོག་ལས་དར་རྒྱས་ཆེ་བ་བཅས་ཡོད་ལ་མང་ཚོགས་ཀྱིས་འབྲི་གཡག་འདུལ་གསོ་དང་འདེམས་གསོ་བྱེད་པའི་སྲོལ་རྒྱུན་ལྡན་ཡོད། ཉང་གཡག་ནི་ལེགས་ཆ་དེ་རིགས་ལ་བརྟེན་ནས་བྱུང་བའི་རྒྱུད་བཟང་ཞིག་ཡིན་ལ་བོད་ཀྱི་འབྲི་གཡག་ཆེ་གྲས་ལྔའི་གྲས་ཤིག་ཀྱང་ཡིན།

    ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཨོ་རྒྱན་ཚེ་རིང་གིས“ལྷ་རི་རྫོང་ཨུད་ཀྱིས‘འབྲོག་ལས་རྫོང་ཆེན’འཕེལ་རྒྱས་གཏོང་བའི་འདུ་ཤེས་ལ་གཞིགས་ནས་2018ལོ་ནས་བཟུང་ང་ཚོས་ཉང་གཡག་གི་ལེགས་ཆ་བསྡུ་སྒྲིལ་བྱས་ཏེ་ཐོན་ལས་འཕེལ་རྒྱས་བཏང་ཡོད། མིག་སྔར་ཀུང་སིའི་རྒྱུ་ནོར་བསྡོམས་འབོར་མི་དམངས་ཤོག་སྒོར་ལ་ཕབ་ན་སྒོར་དུང་ཕྱུར་11.1ཟིན་པ་དང་རིམ་རྩིས་བརྒྱབ་ན་སྤྱིའི་ཡོང་འབབ་སྒོར་ཁྲི་901.49བྱུང་བས་མཐའ་འཁོར་མང་ཚོགས་ཕྱུག་འགྱུར་ཡོང་རྒྱུར་སྐུལ་ཁྲིད་ཐུབ་ཡོད་ལ་རྫོང་ཡོངས་ཀྱི་གྲོང་གསེབ་གཞན་དག་འཕེལ་རྒྱས་འགྲོ་བར་ཡང་སྐུལ་ཁྲིད་ཐུབ་ཡོད”ཅེས་ངོ་སྤྲོད་བྱས།

    ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས་དེང་རབས་ཅན་དང་ཚད་གཞི་ཅན་གྱི་ཐོན་ལས་འཛུགས་སྐྲུན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ“སྣེ་འདྲེན་སྐྱེད་སྲིང་དང་། རྟེན་གཞི་འཛུགས་པ། མཉམ་ལས་ཁང་འཕེལ་རྒྱས་གཏོང་བ། འབྲོག་དུད་སྐུལ་ཁྲིད་བྱེད་པ”བཅས་ཀྱི་བསམ་ཕྱོགས་ལྟར་འབྲོག་པའི་གསོ་ཚགས་འདུ་ཤེས་ལ་འགྱུར་ལྡོག་བཏང་བ་དང་འབྲོག་པས་ཚན་རིག་དང་མཐུན་པའི་སྒོ་ནས་གསོ་ཚགས་བྱེད་པའི་ཡོང་འབབ་མང་དུ་བཏང་ནས“ཉ་སྟེར་བ་ལས་ཉ་འཛིན་སྟངས་སློབ་པའི”དམིགས་ཚད་མངོན་འགྱུར་བྱུང་བ་རེད། 2018ལོ་ནས་ད་བར་ཀུང་སིས་འོ་མ་དང་ཚགས་ཤ་ཉོ་སྒྲུབ་དང་སོན་བཟང་ཁྱབ་གདལ་གཏོང་ཐབས་བརྒྱུད་རིམ་རྩིས་བྱས་ན་མཉམ་ལས་ཁང་49དང་འབྲོག་དུད་2138ལ་སྐུལ་ཁྲིད་བྱས་ནས་མི་150ལས་ཞུགས་ཐུབ་པ་དང་གླ་ཆ་སྒོར་ཁྲི་556སྤྲད་པ་རེད།

    འབྲི་གཡག་གི་ཐོན་ལས་སྔར་བས་རྒྱ་སྐྱེད་གཏོང་བ་དང་ཉང་གཡག་དེ་ལྷ་རི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་སྒུལ་ཤུགས་གལ་ཆེན་དང་ཞིང་འབྲོག་མང་ཚོགས་ཕྱུག་འགྱུར་ལམ་བུའི་ཐོག་གི“ལས་རོགས་ཡག་པོ”ཞིག་ཏུ་གྱུར་བར་བྱ་ཆེད་རྫོང་ཨུད་དང་རྫོང་སྲིད་གཞུང་གི་རྒྱབ་སྐྱོར་ཤུགས་ཆེན་འོག་ཉང་གཡག་གསོ་ཚགས་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སིས“ཕྱིར་སྐྱོད་པའི”འཕེལ་རྒྱས་འཐབ་ཇུས་ལག་ལེན་ཧུར་ཐག་བསྟར་ནས་ས་ཁམས་མཚོན་རྟགས་རེ་ཞུ་དང་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ལྟེ་གནས་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཉང་གཡག་འབྲོག་ལས་ཐོན་རྫས་ལྗོངས་ཕྱི་ནང་དུ་སྐད་གྲགས་ཆོད་ཚད་དང་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

    “མིག་སྔར་ང་ཚོས་གསོ་ཚགས་བྱས་པའི་འབྲི་གཡག་ལོ་4ནས་5བར་གསོས་རྗེས་བཤས་གཏོང་ཆོག་པ་དང་སྐྱེ་འཚར་གྱི་དུས་འཁོར་ཐུང་དུ་ཕྱིན་པ་དང་དེ་སྔའི་རྒྱུད་བཟང་མོ་ཕྱུགས་90%ལ་གཞི་རྩའི་ཆ་ནས་ལོ་རེར་མངལ་རེ་ཆགས་ཐུབ་པ་དང་སྤུས་ལེགས་བཞོན་མ་ནས་འོ་མ་འཇོ་ཐེངས་གཅིག་ལ་རྒྱ་མ་6.8ཐོན་གྱི་ཡོད” ཅེས་ཨོ་རྒྱན་ཚེ་རིང་གིས་གསར་འགོད་པར་བཤད།

    འབྱུང་འགྱུར་ལ་ཨོ་རྒྱན་ཚེ་རིང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ“ང་ཚོས་ལྷ་རི་རྫོང་གི་ལས་གཏོད་གསར་གཏོད་གླིང་གི་ལས་སྟེགས་མུ་མཐུད་སྤྱད་དེ་དྲ་ཐོག་དང་དྲ་ཕྱིའི་ཐོན་སྐྱེད་དང་བྲིན་ཚོང་འབྲེལ་མཐུད་བྱེད་སྟངས་བཙུགས་ནས་ལྗོངས་ཕྱི་ནང་གི་ཁྲོམ་ར་བརྟན་པོའི་ངང་རྒྱ་ཆེར་གཏོང་བ་དང་། ཕྱིར་ཚོང་གི“མཐའ་མའི་འགག་གནད”སྒྲོལ་ཐབས་བྱེད་པ། ལྷ་རིའི་ཉང་གཡག་སྤུས་རྟགས་ཧུར་ཐག་གཏོད་པ་བཅས་བྱས་ཏེ་འབྲི་གཡག་གསོས་ནས་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་བ་དང་འཚོ་བ་ཡག་པོ་སྐྱེལ་ཐུབ་པར་བྱེད་ཀྱི་ཡིན”ཞེས་བཤད།

    ད་ཆ་ཉང་གཡག་ཐོན་ལས་འཕེལ་རྒྱས་གཏོང་བའི“གསེར་གྱི་ལྡེ་མིག”དེ་དང་འདྲ་བར་ལྷ་རི་རྫོང་གིས“མང་ཚོགས་ཀྱི་རང་ངོས་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་ནས་འབབ་འཕར་བརྟན་པོ་ཡོང་བར་བྱེད་པའི”ཐོན་ལས་འཕེལ་རྒྱས་ཀྱི་དམིགས་ཚད་ལ་དམ་པོར་དམིགས་ནས་ཐོན་ལས་རྣམ་གྲངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་སྲོལ་དང་ཁེ་ཕན་འབྲེལ་མཐུད་ཀྱི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ཐོན་ལས་རྣམ་གྲངས་27ལེགས་སྒྲུབ་བྱས་པ་དང་མ་དངུལ་སྒོར་དུང་ཕྱུར་5.25བཏང་བས་ཁེ་སྤོགས་སྒོར་དུང་ཕྱུར་1.6བྱུང་ནས་ཁྱོན་མི་ཐེངས་11793ལ་ཕན་པ་ཐོབ་པ་རེད།

    གྲོང་ཁུལ་གྱི་རྣམ་པ་རྒྱུན་མཐུད་ལེགས་སུ་ཕྱིན་པ།

    ལྷ་རི་རྫོང་དུ་སྐྱོད་སྐབས་གཙང་སྦྲ་དོད་པའི་ཁྲོམ་གཞུང་དང་འཆར་འགོད་གོ་རིམ་ལྡན་པའི་གྲོང་ཁྱེར་གྱི་བཀོད་པ་དེ་སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་གྱིས་བརྒྱན་ནས་བོད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ་གྱི་རྣམ་པ་དེ་བས་མངོན་ཞིང་། དེ་དང་ལོ་མང་གོང་གི་ཚང་མའི་བག་ཆགས་ནང་གི་ལྷ་རིའི་དབར་ཧེ་བག་ཆེན་པོ་ཡོད་པ་རེད།

    རྫོང་གྲོང་དུ་སླེབས་མ་ཐག་སྔོན་ཆད་བཙོག་ཟིང་ཞན་གསུམ་གྱི“གྲོང་ཁྱེར་ནང་གི་གྲོང་ཚོ”དེ་རྩ་བ་ནས་མཐོང་རྒྱུ་མེད་པར་དེ་གར་ནུས་པ་ཆ་ཚང་ལ་ཁོར་ཡུག་མཛེས་པའི་ཁུལ་ཆུང་ཞིག་འགྱིང་ངེར་ཆགས་ཏེ་དེ་སྔའི“གྲོང་ཁྱེར་ནང་གི་གྲོང་ཚོའི”གྲོང་མི་རྣམས་སྐྱིད་སྣང་དོད་པའི་འཚོ་བ་སྐྱེལ་བཞིན་མཆིས།

    ལོ་50ལྷག་ཙམ་ལ་སླེབས་པའི་འཕྲིན་ལས་རྣམ་རྒྱལ་གྱིས“རྒྱ་ཁྱོན་བརྗེ་རེས་དང་མ་གནས་ཧེ་བག་གསབ་པ་བརྒྱུད་ང་ཚོ་ནང་མི་ལྔ་པོ་སྨི་ངོས་གྲུ་140ཡོད་པའི་ཁང་པ་ཆེན་པོའི་ནང་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང་ཚོང་སྒྱུར་ཁང་པའང་ཡོད་པས་ཏང་དང་སྲིད་གཞུང་གིས་ང་ཚོ་མི་སེར་ལ་དགོངས་པ་བཞེས་པར་ཐུགས་རྗེ་ཆེ་ཞུ་ཡི་ཡིན”ཞེས་དགའ་ཚོར་ཆེན་པོས་བཤད།

    “གྲོང་ཁྱེར་ནང་གི་གྲོང་ཚོའི”སྒྱུར་བཀོད་རྣམ་གྲངས་ཀྱི་འགན་འཁུར་མཁན་ལྷ་རི་རྫོང་གྲོང་ཁྱེར་མ་འཇོག་ཀུང་སིའི་ཏུང་ཧྲི་ཀྲང་བཀྲ་ཤིས་ཀྱིས“རྫོང་ཨུད་དང་རྫོང་སྲིད་གཞུང་གིས་སྡོད་ཁང་སྐྱོ་ཁུལ་གྱི་གྲོང་མིར་བསམ་བློ་གཏོང་བའི་རྩ་དོན་ལྟར་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་1272བཏང་བའི་རྨང་གཞིའི་ཐོག་རང་ཉིད་ཀྱིས་མ་དངུལ་སྒོར་ཁྲི་26803གྲབས་གསོག་བྱས་ནས‘གྲོང་ཁྱེར་ནང་གི་གྲོང་ཚོའི’སྒྱུར་བཀོད་རྣམ་གྲངས་ལག་ལེན་བསྟར་བ་རེད། རྣམ་གྲངས་དེ་2019ལོའི་ཟླ་དྲུག་པར་ལས་འགོ་ཚུགས་པ་དང་2020ལོའི་ཟླ་བཞི་པར་ལས་མཇུག་འགྲིལ་ནས་བེད་སྤྱོད་བྱ་རྒྱུར་རྩིས་སྤྲད་དེ་སྨི་ངོས་གྲུ་ཁྲི་6.4ལྷག་ཙམ་ཟིན་པའི་སྡོད་ཁང་དང་ཚོང་ལས་ཕྱོགས་བསྡུས་སྒྲིག་གཞི་བསྐྲུན་ནས་སྡོད་ཁང་སྐྱོ་ཁུལ་གྱི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་ཏན་ཏིག་བཏང་ཡོད”ཅེས་ངོ་སྤྲོད་བྱས།

    “འདི་གར་ཞིབ་ཚགས་པོ་བྱེད་དགོས” “སྤུས་ཚད་འགན་ལེན་དང་བདེ་འཇགས་ལ་དོ་སྣང་བྱེད་དགོས”ཞེས་པ་ལ་སོགས་ལྷ་རི་རྫོང་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་ཅུས་ཀྲང་ལིའུ་ཕུང་ཅུན་གྱིས་སྤྱི་པའི་བོགས་གཏོང་ཁང་པ་འཛུགས་སྐྲུན་བྱ་ཡུལ་དུ་བཀོད་འདོམས་བྱས་པ་དང་ལས་ཡུལ་དུ་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན། “དེ་ནི་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་ཁྲི་8140.84བཏང་བ་དང་རྫོང་རིམ་པ་དེ་གའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི་6858.99གྲབས་གསོག་བྱས་པའི་སྤྱི་པའི་བོགས་གཏོང་ཁང་པ་ཆ་ཚང་600ཡི་དམངས་ཕན་རྣམ་གྲངས་ཤིག་ཡིན་པ་དང་། ལོ་གཉིས་ཀྱི་རྗེས་སུ་བསྐྲུན་ཟིན་རྒྱུ་རེད། རྫོང་གྲོང་གི་ཡོང་འབབ་དམའ་བའི་མི་ཚོགས་དང་ཕྱི་འོང་ལས་མི་སོགས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་སྡོད་ཁང་དགོས་མཁོ་སྔ་ཙམ་ཐག་གཅོད་བྱ་ཆེད། ང་ཚོས་དཀའ་བ་སྤྱད་ཀྱང་སྤྱོད་རིན་ཡོད་པ་ཞིག་རེད”ཅེས་ལིའུ་ཕུང་ཅུན་གྱིས་བཤད།

    གྲོང་གསེབ་ཀྱི་སྡོད་མལ་དང་འཚམ་པའི་ཁྱིམ་གཞིས་བསྐྲུན་པ།

    དེང་གི་ཆར་ལྷ་རི་རྫོང་ཨར་རྩ་གྲོང་རྡལ་གསེར་སྟེང་ཁ་གྲོང་ཚོའི་ཁ་སྤྲོད་ཀྱི་སྤང་སྟེང་དུ་གུར་སྣ་ཚོགས་ཕུབ་པ་དང་གྲོང་མི་ཚོ་གནས་སྤོ་བར་བྲེལ་ནས་མཛེས་སྡུག་ལྡན་པའི་སྡོད་མལ་གྱི་གྲོང་ཚོ་ཧྲིལ་པོའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་འཛུགས་སྐྲུན་རྣམ་གྲངས་ཀྱི་དུས་འགོའི་གྲ་སྒྲིག་ལས་དོན་སྤེལ་བཞིན་ཡོད།

    ལོ་20ལྷག་ཙམ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱས་པའི་མེ་འབར་གྱིས་གསར་འགོད་པར“ང་ཚོས་འཛུགས་སྐྲུན་བྱས་འབྲས་ཀྱི་པར་རིས་མཐོང་བ་དང་སྒྲོག་འགྲེལ་ཉན་པ་ཡིན། བསྐྲུན་ཟིན་རྗེས་ཀྱི་གྲོང་ཚོའི་ཁོར་ཡུག་མཛེས་པ་དང་། ནུས་པ་ཆ་ཚང་བ། ད་དུང་ཐོན་ལས་ཡོད་པ་བཅས་ནི་སྔོན་ཆད་རྨི་ལམ་དུའང་རྨིས་མྱོང་མེད། གསེར་སྟེང་ཁ་གྲོང་ཚོར་གཞི་ནས་འགྱུར་ལྡོག་ཆེན་པོ་འགྲོ་རྒྱུ་རེད་འདུག”ཅེས་སེམས་འགུལ་ཆེན་པོ་ཐེབས་བཞིན་བཤད།

    ཨར་རྩ་གྲོང་རྡལ་གྱི་ཀྲེན་ཀྲང་བསམ་བརྟན་སྒྲོལ་མས་གསེར་སྟེང་ཁ་གྲོང་ཚོར་དུད་ཚང་115དང་མི་467ཡོད། དེ་སྔ་གྲོང་ཚོར་ཁྱོན་ཡོངས་ཀྱི་འཛུགས་སྐྲུན་འཆར་འགོད་མེད་པའི་དབང་གིས་ཁང་པ་གང་བྱུང་དུ་བརྒྱབ་པ་དང་། ཁང་པའི་གྲུབ་ཆ་ཟང་ཟིང་ཡིན་པ། ཁང་པའི་ཕྱི་ནང་གི་ཞོར་གཏོགས་སྒྲིག་བཀོད་ཀྱང་འཐུས་སྒོ་ཚང་པོ་མེད་པ་བཅས་ཡིན་པས་གྲོང་ཚོའི་རྣམ་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་ཅེས་ངོ་སྤྲོད་བྱས།

    དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་ཆེད། ལྷ་རི་རྫོང་གིས་གྲོང་གསེབ་དར་རྒྱས་འཕེལ་རྒྱས་ཀྱི་སྤྱིའི་འཆར་འགོད་དང་ཟུང་འབྲེལ་བྱས་ཏེ་རང་འགུལ་ངང་བྱ་སྤྱོད་སྤེལ་བ་དང་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱས་ནས་དོན་དངོས་ལ་གཞི་ཚུགས་པ་དང་མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་གང་ལེགས་བྱེད་པ་དང་མང་ཚོགས་ཀྱི་བྱེད་པོའི་ནུས་པ་དང་གྲོང་ཚོ་དང་གྲོང་མིའི་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱས་ནས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ངང་ཐག་གཅོད་བྱེད་དགོས་པའི་གནད་དོན་ནས་འགོ་བཙུགས་ཏེ་ཨར་རྩ་གྲོང་རྡལ་གསེར་སྟེང་ཁ་གྲོང་ཚོའི་མཛེས་སྡུག་ལྡན་ལ་སྡོད་མལ་གྱི་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་རེད། ཁྱིམ་ཚང་མི་འདྲ་བའི་སྡོད་ཁང་གི་དགོས་མཁོ་སྐོང་ཆེད། སྡོད་ཁང་115དེ་དག་སྨི་ངོས་གྲུ་220དང་། སྨི་ངོས་གྲུ་200 སྨི་ངོས་གྲུ་180 སྨི་ངོས་གྲུ་160 སྨི་ངོས་གྲུ་50བཅས་རིགས་ལྔ་ལ་དབྱེ་བ་དང་། དེར་ས་འོག་ཆུ་འགྲོའི་མ་ལག་དང་། མི་ཕྱུགས་ལོགས་དབྱེའི་ལས་གྲྭ གྲོང་ཚོའི་མ་ལམ་དང་ཨར་འདམ་ལམ་ཆུང་། རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་ཁུལ། མཛེས་བཟོ་དང་སྔོ་འགྱུར་ལས་གྲྭ སྤྱི་པའི་གསང་སྤྱོད། སྤྱི་པའི་རླངས་འཁོར་འཇོག་ས་སོགས་ནུས་པ་ཆ་ཚང་བའི་ཞོར་གཏོགས་སྒྲིག་བཀོད་ཆ་ཚང་པོ་བསྐྲུན་རྒྱུ་རེད།

    གསེར་སྟེང་ཁ་གྲོང་ཚོའི་མཛེས་སྡུག་ལྡན་ལ་སྡོད་མལ་གྱི་གྲོང་གསེབ་འཛུགས་སྐྲུན་དེ་ལྷ་རི་རྫོང་གི་གྲོང་གསེབ་དར་རྒྱས་ལམ་བུའི་བསྡུས་རིས་ཙམ་ཞིག་ཡིན་པ་དང་འབྱུང་འགྱུར་སྐྱེ་ཁམས་མཛེས་པ་དང་མི་སེར་དེ་བས་ཕྱུག་པའི“མཛེས་སྡུག་ལྡན་པའི་གསེར་སྟེང་ཁ་གྲོང་ཚོ”མཛེས་སྡུག་ལྡན་པའི་ལྷ་རིར་འགྱིང་ངེར་གནས་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།