ཉེ་ཆར། ལྷ་ཁང་གྲོང་ཚོར་བཅའ་སྡོད་ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའི་ལས་དོན་རུ་ཁག་གིས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་བསྐང་རྒྱུ་དེ་ལས་ཀའི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ་ངར་ནང་ཤང་ཏང་ཨུད་དང་ལྷ་ས་ས་གཙང་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་འབྲེལ་གཏུག་ཧུར་ཐག་བྱས་ནས་རིག་ལྡན་འབྲི་གཡག་གཡོག་བྱེད་མ་ལག་གི་ཚོད་ལྟའི་ལས་དོན་དངོས་སུ་སྤེལ་འགོ་ཚུགས་ཤིང་། ལྷ་ཁང་གྲོང་ཚོའི་འབྲོག་པས་ཕྱུགས་འཚོ་དཀའ་བ་དང་འབྲི་གཡག་འཚོལ་དཀའ་བ་སོགས་ཀྱི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ནས་བློ་གཅིག་སེམས་གཅིག་གིས་དམངས་ལ་བྱ་བ་དངོས་བསྒྲུབས་པས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྐྱིད་ཚོར་སེམས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ཁང་གྲོང་ཚོ་ནི་ལྷུན་གྲུབ་རྫོང་གི་བྱང་ཤར་རྒྱུད་དུ་གནས་པ་དང་ད་ཆ་འབྲི་གཡག་མགོ་གྲངས་8000ལྷག་ཙམ་ཡོད། དུས་ཡུན་རིང་པོའི་ནང་ཕྱུགས་ཟོག་ཁ་ཐོར་དུ་འཚོ་བའི་རྐྱེན་གྱིས། འབྲི་གཡག་བོར་བརླག་སོང་བའི་གནས་ཚུལ་ཡང་སེ་ཐོན་གྱི་ཡོད། མ་ཟད་ནང་མི་མང་ཆེ་བ་ཕྱིར་ཕྱུགས་འཚོ་བར་འགྲོ་དགོས་སྟབས་ངལ་རྩོལ་པ་དཀོན་པོ་ཡོད་པས་འབྲོག་པ་མང་ཚོགས་ལས་ཞུགས་གཞན་སྒྱུར་དང་ཕྱུག་འགྱུར་འབབ་འཕར་ཡོང་བར་འགོག་རྐྱེན་བཟོ་གི་ཡོད། “དེ་སྔོན་གཟའ་འཁོར་རེར་ཉིན་ལྔ་དྲུག་ཙམ་ཕྱིར་འབྲི་གཡག་འཚོལ་བར་འགྲོ་དགོས་ཀྱི་ཡོད། ད་ཆ་གནས་གཏན་འཁེལ་གྱི་ཡོ་བྱད་བསྒར་སྟབས། སླད་ཕྱིན་གང་སར་འབྲི་གཡག་འཚོལ་དུ་འགྲོ་དགོས་མེད། འབྲི་གཡག་གང་དུ་སླེབས་མིན་ལག་ཐོགས་ཁ་པར་ནས་ལྟ་ཐུབ། ལྷ་ས་ས་གཙང་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སི་དང་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་གིས་ང་ཚོ་མང་ཚོགས་ལ་བྱ་བ་བཟང་པོ་བསྒྲུབས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ལྷ་ཁང་གྲོང་ཚོའི་ལེགས་དགེ་ཚོགས་ཆུང་གི་གྲོང་མི་རེ་གྲུབ་ཀྱིས་བཤད།
ལྷ་ས་ས་གཙང་གྲངས་འཛིན་དཔལ་འབྱོར་ཐོན་ལས་ཚོགས་པ་ཚད་ཡོད་ཀུང་སིའི་སྤྱི་གཉེར་གཞུང་དོན་ཁང་གི་ཀྲུའུ་རེན་སུན་ཅིང་ཡུས་ཀྱིས“རྗེས་སུ་ང་ཚོས་རིག་ལྡན་འབྲི་གཡག་གཡོག་བྱེད་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་དང་ལེགས་སུ་བཏང་ནས་གྲངས་འཛིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་ནུས་ལྡན་གྱི་སྲོལ་རྒྱུན་ཐོན་ལས་མངོན་འགྱུར་བྱས་ཏེ་གྲོང་གསེབ་དར་རྒྱས་ཆེད་གཞུང་ཁོངས་ཁེ་ལས་ཀྱིས་འབུལ་འོས་པའི་ལེགས་སྐྱེས་འབུལ་རྒྱུ་ཡིན”ཞེས་བཤད།