ལྷོ་རོང་རྫོང་དམར་རི་གྲོང་རྡལ་ཝ་ཁོག་གྲོང་ཚོ་ནི་ས་མ་འབྲོག་གི་གྲོང་ཚོ་ཞིག་རེད། ཝ་ཁོག་གྲོང་ཚོའི་ཚེ་དབང་སྟོབས་རྒྱལ་གྱིས་ཆུང་དུས་ནས་གཅེན་གཅུང་བརྒྱད་དང་མཉམ་དུ་དེ་གར་ཕྱུགས་འཚོ་བ་དང་། མེ་ཤིང་སྒྲུག་པ། ལོ་ཏོག་བརྔ་བསྡུ་སོགས་བྱེད་ཀྱི་ཡོད།
ཕྱིས་སུ་ཚེ་དབང་སྟོབས་རྒྱལ་ལ་སློབ་གྲྭ་འགྲིམ་པའི་གོ་སྐབས་བྱུང་བ་མ་ཟད། 2004ལོར་དམག་སྐུལ་དང་ལེན་ཞུས་པ་རེད། ལོ་གཉིས་སོང་རྗེས་དམག་ཞབས་ཐིམ་པའི་ཚེ་དབང་སྟོབས་རྒྱལ་ལྷོ་རོང་རྫོང་གྲོང་དུ་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་བར་ལོག སྤྱི་ཚོགས་ཀྱི་ལས་ཀའི་ཉམས་མྱོང་མེད་ཀྱང་ཁོང་གིས་རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་ཕྱུག་འགྱུར་ལས་ལ་གཞོལ་རྒྱུའི་སེམས་ཐག་བཅད།
ལྷོ་རོང་རྫོང་ཆབ་མདོ་གྲོང་ཁུལ་དང་བསྡུར་ན་མི་འབོར་བལྟོས་བཅས་ཀྱིས་ཉུང་བས་ལས་ཞུགས་ཀྱི་གདམ་ག་མང་པོ་མེད། ལྷོ་རོང་རྫོང་གྲོང་དུ་ལོ་ཕྱེད་ལྷག་ཙམ་བསྡད་རྗེས། ཚེ་དབང་སྟོབས་རྒྱལ་གྱིས་ཆབ་མདོ་གྲོང་ཁྱེར་དུ་འགྲོ་རྒྱུའི་སེམས་ཐག་བཅད། ཆབ་མདོ་གྲོང་ཁྱེར་དུ་ཚེ་དབང་རྡོ་རྗེས་བདེ་སྲུང་བའི་ལས་ཀ་ནས་འགོ་བཙུགས་ཏེ་བདལ་གཏོང་རླངས་འཁོར་གྱི་ཁ་ལོ་བ་དང་ས་གཤིས་རུ་ཁག་གི་ཁ་ལོ་བ་སོགས་བྱས། ཡུན་རིང་གླ་པ་རྒྱུག་རིང་ཁོང་ལ་ལས་གྲྭའི་རྣམ་གྲངས་ཐད་རྒྱུས་མངའ་ཆེན་པོ་བྱུང་བ་མ་ཟད། ད་དུང་ཆེད་མངགས་དུས་ཚོད་བཙལ་ནས་བྲག་གཡབ་རྫོང་དུ་གཏེར་རི་འབར་གཏོར་དང་སྙིགས་རོ་གཙང་སེལ་སོགས་ཀྱི་ལག་རྩལ་ཡང་སྦྱངས། ཕྱིས་སུ་མཐོང་རྒྱ་ཆེ་རུ་ཕྱིན་པ་དང་སྦྲགས་ཚེ་དབང་སྟོབས་རྒྱལ་གྱིས་ལས་དཔོན་བྱས་ཏེ་རང་ཉིད་ཀྱི་ཨར་རྒྱག་རུ་ཁག་བཙུགས་པ་མ་ཟད། སྔ་རྗེས་སུ་ཆབ་མདོ་གྲོང་ཁྱེར་གྱི་མགྲོན་བསུའི་ལམ་ཆེན་དང་། ལྷོ་རོང་རྫོང་གི་བྱ་ཡུལ་ཟམ་པ། བྲག་གཡབ་རྫོང་གི་གད་སྙིགས་སྦ་ས་སོགས་ལས་གྲྭའི་རྣམ་གྲངས་ཀྱི་སྐྲུན་འགན་འཁུར། ཨར་རྒྱག་ལས་རིགས་ནང་ཁོང་གིས་ལོ་13ཏག་ཏག་དཀའ་ལས་བརྒྱབ། 2019ལོར་ཚེ་དབང་སྟོབས་རྒྱལ་གྱིས་ཁྲིམས་མི་ཐོ་འགོད་བྱས་པའི་ལྷོ་རོང་རྫོང་མཉམ་འཕེལ་འཛུགས་སྐྲུན་ལས་གྲྭ་ཚད་ཡོད་འགན་འཁྲི་ཀུང་སི་དངོས་སུ་བཙུགས་ཐུབཔ་དེ་ནི་ཚེ་དབང་སྟོབས་རྒྱལ་གྱིས་དེ་གོང་འབད་འཐབ་བྱས་པའི་གྲུབ་འབྲས་ཡག་ཤོས་དེ་རེད།
ཚེ་དབང་སྟོབས་རྒྱལ་གྱིས་དཀའ་ཚེགས་ཆེ་བའི་ལས་གཏོད་ལམ་བུར་སྔ་རྗེས་སུ་དྭ་ཕྲུག་4གསོས་པ་དང་སྦྲགས། རང་ཉིད་ཀྱིས་ཕྲུ་གུ་ཚོར་འཚོ་བའི་ཆ་རྐྱེན་ཡག་ཤོས་བསྐྲུན་ཡོད། “ངས་གསོས་པའི་ཕྲུ་གུ་ཚང་མ་ཁ་ལ་ཉན་པོ་ཡོད། སླད་ཕྱིན་ཁོང་ཚོ་འཇོན་ཐང་ཅན་ཆགས་ཐུབ་པ་དང་དྲིན་ཚོར་གྱི་བསམ་པ་བཅངས་ནས་སྤྱི་ཚོགས་ལ་དྲིན་ལན་འཇལ་ཐུབ་པའི་རེ་བ་ཡོད”ཅེས་ཚེ་དབང་སྟོབས་རྒྱལ་གྱིས་བཤད།
ལས་གཏོད་བྱས་ཚུན། ཚེ་དབང་སྟོབས་རྒྱལ་གྱིས་གཅེས་སེམས་འབུལ་བའི་གོམ་སྟབས་མཚམས་འཇོག་བྱེད་མྱོང་མེད། དུས་ཆེན་དང་ངལ་གསོའི་ཉིན་མོ་འཆར་རིམ་བཞིན་ཁོང་གིས་གྱོན་ཆས་དང་། འབྲས། གྲོ་ཞིབ། དཔེ་དེབ་སོགས་འཁྱེར་ཏེ་ཉེ་འགྲམ་གྱི་བྱིས་པའི་ཕན་བདེ་ཁང་དང་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣའི་གཅིག་སྡུད་བསྙེན་བཀུར་ཞབས་ཞུ་ལྟེ་གནས་སོགས་སུ་བསྐྱོད་དེ་གཅེས་སེམས་དང་དྲོ་སྐྱིད་སྦྱིན་གྱི་ཡོད། མིག་སྔའི་བར། ཁོང་གིས་ཁྱོན་སྒོར་ཁྲི་70རི་བའི་གཅེས་སེམས་དངོས་ཟོག་ཞལ་འདེབས་བརྒྱབ་ཡོད། “ཀུང་སི་མུ་མཐུད་འཕེལ་རྒྱས་ཕྱིན་ཚེ། ངས་རོགས་རམ་བྱེད་དགོས་པའི་མིར་སྔར་བཞིན་རོགས་རམ་བྱས་ཏེ་གཅེས་སེམས་བརྒྱུད་སྤྲོད་མུ་མཐུད་བྱ་རྒྱུ་ཡིན”ཞེས་ཚེ་དབང་སྟོབས་རྒྱལ་གྱིས་བློ་རྩ་བརྟན་པོས་བཤད།