དབུ་ཤོག>ཞིང་འབྲོག་གསར་པ།
  • ཨ་མདོའི་ཁྱིམ་ཚང་གཅིག་གི“འབད་འབུངས་ཡར་བརྩོན”གྱི་ལམ་བུ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-06-10

    2473407_huangzy_1654790400000_s.jpg

    འདི་ནི་བསོད་ཕུན་གྱིས་ཁྱིམ་དུ་གནམ་བདེ་སྒོ་མོའི་དཔེ་དབྱིབས་བཟོ་བཞིན་པ།

    2022ལོ་ནི་ཨ་མདོ་རྫོང་སྤང་མེར་ཤང་ཆུ་རུས་ཤར་མ་གྲོང་ཚོའི་བསོད་ཕུན་ཁྱིམ་གྱི་ངོས་ནས་བརྗོད་ན་དམིགས་བསལ་གྱི་ལོ་ཞིག་རེད།

    ཟླ་དང་པོར་རྩྭ་ཐང་དུ་གྲང་ངར་ཤིན་ཏུ་ཆེ་ཞིང་། ཟླ་དེར་བསོད་ཕུན་གྱི་བཟའ་ཟླ་མཚོ་མོའི་ལྷན་སྐྱེས་སྙིང་ནད་ལངས་པ་རེད།

    སྟབས་ལེགས་པ་ཞིག་ལ་མཚོ་མོར་གཤགས་བཅོས་བདེ་བླག་བྱུང་བས་འབྱུང་འགྱུར་གྱི་སེམས་ཁྲལ་བསལ་བ་མ་ཟད། སྨན་རིན་གྱི་90%སྨན་བཅོས་འགན་བཅོལ་ནས་རྩིས་ཞུ་བྱས་པ་རེད།

    མཚོ་མོ་དྲག་སྐྱེད་བྱུང་སྟེ་སྨན་ཁང་ནས་དོན་རྗེས་ནང་མི་གསུམ་གྱི་འཚོ་བར་འགྱུར་ལྡོག་གསར་པ་བྱུང་ཡོད།

    བསམ་ཚུལ་ཞིག་སྐྱེ་འགོ་ཚུགས་པ།

    “ང་འགྲན་བསྡུར་ནང་ཞུགས་འདོད་འདུག པེ་ཅིང་གནམ་བདེ་སྒོ་མོའི་དཔེ་དབྱིབས་ཤིག་བཟོས་ན་འགྲིག་གམ”ཞེས་བསོད་ཕུན་གྱིས་ནད་གཞི་དྲག་སྐྱེད་བྱུང་བའི་བཟའ་ཟླར་བཤད།

    “འོན་ཀྱང་ང་ཚོ་ཚང་མ་པེ་ཅིང་ལ་འགྲོ་མྱོང་མེད་པས། ཁྱེད་ཀྱིས་ཡག་པོ་བཟོ་ཐུབ་བམ”ཞེས་མཚོ་མོས་སེམས་ཁྲལ་བྱེད་བཞིན་བཤད།

    “སྣང་དག་མེད། བརྙན་འཕྲིན་ནང་ནས་གནམ་བདེ་སྒོ་མོ་ཐེངས་མང་མཐོང་མྱོང་ཡོད་ལ། དྲ་ཐོག་ནས་གནམ་བདེ་སྒོ་མོའི་པར་ཡང་རྙེད་བྱུང་། པཱ་ལགས་ཀྱིས་བཟོ་ཐུབ་ངེས་ཡིན་པ་ང་ལ་ཡིད་ཆེས་ཆེན་པོ་ཡོད”ཅེས་ལོ་12ལ་སླེབས་པའི་བུ་མོ་ཚེ་རིང་བདེ་སྐྱིད་ཀྱིས་བཤད།

    འདི་ལོའི་ཟླ་2པ་ནས་བཟུང་། ནག་ཆུས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་མང་ཚོགས་རང་བཞིན་གྱི་འགྲན་བསྡུར་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ནང་དོན་དེ་རིག་རྩལ་རིག་གནས་དང་། སྐད་དང་ཡི་གེ“ལག་ཆུང་གིས་ལག་ཆེན་འཁྲིད་པའི”ལག་ལེན་བྱེད་སྒོ། ཐོན་སྐྱེད་རྩལ་ནུས་བཅས་རིགས་ཆེན་པོ་4ལ་དབྱེ་ཡོད་ཅིང་། འབྲོག་པས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཡག་པོ་ཤེས་པ་དང་། རའི་འོ་མ་ཡག་པོ་འཇོ་ཤེས་པ་ལ་སོགས་ལག་རྩལ་སྣ་གཅིག་ལས་མི་ཤེས་ནའང་། ཚང་མས་སོ་སོའི་ཉམས་བཟང་ངོམ་ཆོག་པ་མ་ཟད། ད་དུང་བྱ་དགའི་དངུལ་དང་གཟི་བརྗིད་མཚན་སྙན་ཡང་བརྩོན་ལེན་བྱེད་ཆོག་གི་ཡོད། འགྲན་བསྡུར་བྱེད་སྒོ་དེ་གྲོང་ཚོ་ནས་ཤང་དང་། ཤང་ནས་རྫོང་། རྫོང་ནས་གྲོང་ཁྱེར་བཅས་བར་རིམ་བཞིན་སྤེལ་ཞིང་། མིག་སྔར་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད།

    བྱེད་སྒོ་སྤེལ་བའི་གནས་ཚུལ་ཁྱབ་མ་ཐག་བསོད་ཕུན་གྱི་ནང་མི་ཚང་མར་འགྲན་བསྡུར་ནང་ཞུགས་རྒྱུའི་བསམ་བློ་ཞིག་ངང་གིས་འཁོར།

    ཁ་བཤད་བྱ་བ་འཕྲལ་དུ་སྒྲུབ། བསོད་ཕུན་གྱི་བུ་མོ་ཚེ་རིང་རྡོ་རྗེ“ལག་ཆུང་གིས་ལག་ཆེན་འཁྲིད་པའི”རི་མོའི་འགྲན་བསྡུར་ནང་ཞུགས་པ་དང་། ཕ་དང་བུ་མོས་སེམས་ཤུགས་གཅིག་སྒྲིལ་བྱས་མཐར་ཨ་མདོ་རྫོང་གི་འགྲན་བསྡུར་ཁྲོད་ཨང་གསུམ་པ་ཐོབ་པ་རེད།

    གཤིས་ཀ་འཇམ་ལ་འཇོན་ཐང་ཆེ་བའི་མཚོ་མོ་མ་བྱན་ལག་རྩལ་གྱི་འགྲན་བསྡུར་ནང་ཞུགས་པར་ཆུ་རུས་ཤར་མ་གྲོང་ཚོའི་ཨང་དང་པོ་ཐོབ་པ་དང་རེས་སྐོར་གཉིས་པར་སྤང་མེར་ཤང་གི་ཨང་དང་པོ་ཐོབ་ཡོད།

    དཔེ་དབྱིབས་བདེ་བླག་ངང་བཟོ་ཐུབ་མིན་གཙོ་བོ་བསོད་ཕུན་ལ་ཐུག་ཡོད། བཟའ་ཟླ་དང་བུ་མོའི་རོགས་རམ་དང་རྒྱབ་སྐྱོར་འོག ཁོང་གིས་ཁྱིམ་གྱི་ཚོམས་ཆེན་དེ“ལས་དོན་ཁང”ལ་བསྒྱུར་ནས་དུས་ཡུན་ཉིན་7ནང་པེ་ཅིང་གི་གནམ་བདེ་སྒོ་མོའི་དཔེ་དབྱིབས་ཤིག་དངོས་འབྲེལ་བཟོ་ཐུབ་པ་བྱུང་ཡོད།

    འབྲོག་པ་ཚོས་ལྟ་རུབ་རྒྱག་པ་དང་བསྔགས་བརྗོད་བྱེད་པའི་ཁྲོད་བསོད་ཕུན་གྱིས་གྲོང་ཚོ་དང་ཤང་གི་འགྲན་བསྡུར་གྱི་ཨང་དང་པོ་བདེ་བླག་ངང་བླངས་པ་རེད།

    ཟླ་6ཚེས་5ཉིན། གསར་འགོད་པ་ནང་མི་གསུམ་ཡོད་སའི་བྱང་རྩྭ་ཐང་གི་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་དེར་སྐྱོད་སྐབས། ཁོང་ཚོས་ནུས་ཤུགས་ཡོད་རྒུས་ཟླ་དྲུག་པའི་ཟླ་སྨད་དུ་བྱ་རྒྱུའི་རྫོང་གི་རེས་སྐོར་གསར་པའི་འགྲན་བསྡུར་ལ་ཞུགས་པའི་གྲ་སྒྲིག་བྱེད་བཞིན་ཡོད་པ་མཐོང་བྱུང་།

    གཏམ་རྒྱུད་ཅིག་འགྲན་བསྡུར་ནས་འགོ་བརྩམས་པ།

    བསོད་ཕུན་ཁྱིམ་གྱི་ཚོམས་ཆེན་དུ་སྐྱོད་སྐབས། ཁོང་གཅིག་པུ་རྒྱུ་ཤིང་ལས་བཟོས་པའི་ཁང་པ་ཞིག་ལ་ཚོན་བཏང་ནས་མཛེས་བཟོ་བྱེད་པ་མིག་ལམ་དུ་ཁྲ་ལྷམ་མེར་མངོན་པ་མ་ཟད། ཁོང་གི་ཕུལ་དུ་བྱུང་བའི་རི་མོ་འབྲི་རྩལ་དང་། ཇུས་འགོད། ལག་པ་སྒུལ་ནུས་བཅས་ལའང་ཡ་མཚན་ཆེན་པོ་སྐྱེས་བྱུང་།

    ཅི་འཕྲོས་མོས་འཕྲོས་བྱེད་རིང་ལོ་32ལ་སླེབས་པའི་བསོད་ཕུན་ནི་བསོད་བདེ་མེད་མཁན་ཞིག་ཡིན་ལ་ལམ་འགྲོ་རྒྱུག་མཁན་ཞིག་ཀྱང་ཡིན་པ་ཤེས་རྟོགས་བྱུང་།

    བསོད་ཕུན་གྱི་ཕ་སྔ་ས་ནས་ཚེ་ལས་འདས་པ་དང་། ཆུང་དུས་ནས་ཨ་མ་དང་རྨོ་བོ་ལགས་གཉིས་ཀྱིས་གསོ་སྐྱོང་བྱས་པ་དང་ཁྱིམ་ཚང་དབུལ་ལ་ངལ་རྩོལ་ནུས་ཤུགས་ཀྱང་མེད་སྟབས། ཁོང་ལོ་12ལ་མ་སླེབས་བར་སློབ་ཆུང་འགྲིམ་པའི་གོ་སྐབས་བྱུང་མེད་པ་དང་། སློབ་ཆུང་ལོ་རིམ་ལྔ་པར་སླེབས་སྐབས་སློབ་གྲྭར་འགྲོ་མཚམས་བཞག་སྟེ་ནང་མིར་ལྟ་རྟོག་བྱེད་དགོས་བྱུང་།

    འོན་ཀྱང་སློབ་སྦྱོང་ལ་དགའ་བའི་བསོད་ཕུན་ལ་གོ་སྐབས་ལོས་ཀྱིས་ཐོབ་སྲིད། ཁོང་གིས་གླ་པར་བསྐྱོད་དེ་ཁྱིམ་ཚང་ལ་ཡོང་འབབ་གསོག་ཞོར་དུ་འབད་བརྩོན་ཆེན་པོས་རྒྱ་ཡིག་དང་སྤྱི་སྐད་སྦྱངས་པ་མ་ཟད། ད་དུང་རང་འགུལ་ངང་ཨ་མདོ་རྫོང་སློབ་འབྲིང་དུ་གཉེར་བའི་ལས་རིགས་རྩལ་ནུས་གསོ་སྦྱོང་ལ་ཞུགས་རྒྱུའི་མིང་ཐོ་བཀོད་པ་སོགས་བྱས་ཡོད། དེ་ལྟར་བསོད་ཕུན་གྱིས་ལོ་གསུམ་རི་མོ་འབྲི་སྟངས་ནན་ཏན་སྦྱངས་པ་མ་ཟད་། ཨ་མདོའི་བསླབ་པ་རྒན་གྲས་ཤིག་དགེ་རྒན་ལ་བསྟེན་ནས་མི་རིགས་ལག་ཤེས་བཟོ་རྩལ་ལོ་6སྦྱངས་པ་རེད།

    “ངས་དངོས་གནས་དུས་རབས་ཀྱི་རྗེས་ཟིན་སོང་། གནམ་བདེ་སྒོ་མོའི་དཔེ་དབྱིབས་འདི་ནི་ཏང་གི་བཀའ་དྲིན་ཚོར་ལུགས་མངོན་པ་ཞིག་ཡིན”ཞེས་བསོད་ཕུན་གྱིས་དཔེ་དབྱིབས་དེའི་ཟུར་ནས་འཇུས་ཏེ་དེ་ལྟར་བརྗོད།

    པེ་ཅིང་གི་གནམ་བདེ་སྒོ་མོའི་དཔེ་དབྱིབས་དེ་ནི་ཁོང་གིས་བཟོས་པ་ཞིག་རེད་ལ། བོད་བྱང་ཐང་གི་འབྲོག་པ་ཚང་མའི་ཡིད་སྨོན་བྱེད་ས་ཞིག་ཀྱང་རེད།

    འོན་ཀྱང་། བསོད་ཕུན་གྱིས་གནམ་བདེ་སྒོ་མོའི་དཔེ་དབྱིབས་དེར་ཡིད་ཚིམ་ནས་མ་བསྡད་པར་འགྲན་བསྡུར་ནང་ཞུགས་རྒྱུའི་དཔེ་དབྱིབས་གཞན་ཞིག་གྲ་སྒྲིག་ཞིབ་ཚགས་བྱེད་བཞིན་ཡོད།

    “གལ་ཏེ་གནམ་བདེ་སྒོ་མོ་ནི་ངའི་ཡིད་སྨོན་བྱེད་ས་ཡིན་ན། དཔེ་དབྱིབས་འདི་ངའི་ད་ལྟའི་འཚོ་བ་ཡིན”ཞེས་བསོད་ཕུན་གྱིས་གསར་བཞིན་འགོད་པར་བཤད་བྱུང་།

    དཔེ་དབྱིབས་དེ་གུར་ཞིག་དང་བོད་བཟོའི་སྡོད་ཁང་ཞིག་ལས་གྲུབ་ཅིང་། དེ་ནི་མ་གཞི་བྱང་རྩྭ་ཐང་ཐོག་རྒྱུན་དུ་མཐོང་རྒྱུ་ཡོད་པ་ཞིག་ཡིན་མོད། འོན་ཀྱང་སྡོད་ཁང་གི་དཔེ་དབྱིབས་དང་། གྱང་ཟུར་གྱི་གློག་སྐུད། སྒོ་རའི་ནང་གི་ཁྲོན་པ། ཁང་པའི་ནང་བསྒྲིགས་པའི་བོད་བཟོའི་ཁྱིམ་ཆས། ཐོག་ཁར་ཡོད་པའི་བརྙན་འཕྲིན་གྱི་བརྡ་རྟགས་ལེན་ཆས། ཉི་ནུས་གློག་ལེབ་བཅས་དང་ད་དུང་ཚོམས་ཆེན་གྱི་གྱང་སྟེང་དུ་བཀལ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐུ་པར་དང་ཐོག་ཁར་ལྷབ་ལྷུབ་ཏུ་གཡོ་བའི་སྐར་ལྔའི་དར་དམར་བཅས་ཚང་མ་ནི་བསོད་ཕུན་གྱི་འཚོ་བ་དངོས་ཀྱི་མཚོན་ཚུལ་ཞིག་རེད།

    “སྔོན་མ་འབྲོག་པ་ཚོར་སྦྲ་ནག་གྲུ་བཞི་གཅིག་ལས་ཁྱིམ་ཆས་གང་ཡང་མེད་པས་འཚོ་བ་ཧ་ཅང་སྐྱོ་པོ་ཡོད། རང་ཉིད་ཀྱི་ཁང་པའི་ནང་སྡོད་ཟེར་བ་དེ་བས་སྤྲོས་བྲལ་རེད”ཅེས་བསོད་ཕུན་གྱིས་མགོ་བོ་གཡུག་གཡུག་བྱེད་ཀྱིན་འདས་དོན་གླེང་།

    འོན་ཀྱང་དགའ་འོས་པ་ཞིག་ལ་ཞིང་པའི་སྡོད་ཁང་སྒྱུར་བཀོད་དང་། སྐྱས་སྤོས་འབྲོག་པ་གཞིས་ཆགས། དབུལ་སྐྱོར་གནས་སྤོ་བཅས་གཙོ་བོར་བྱས་པའི་བོད་ཀྱི་ཞིང་འབྲོག་པའི་བདེ་སྡོད་ལས་གྲྭ་ལག་བསྟར་བྱས་པས། ད་ཆ་བོད་བྱང་ཐང་གི་འབྲོག་པ་གཞན་རྣམས་ཀྱང་བསོད་ཕུན་དང་འདྲ་བར་ཡངས་ཤིང་རྒྱ་ཆེ་ལ་སྐྱིད་སྣང་དོད་པའི་ཁང་པར་སྡོད་རྒྱུ་བྱུང་ཡོད།

    “ངས་འགྲན་བསྡུར་ལ་ཞུགས་པ་བརྒྱུད་མི་རྣམས་ཀྱིས་ནག་ཆུའི་འཕོ་འགྱུར་ཆེན་པོ་མཐོང་བར་བྱ་རྒྱུ་ཡིན་ལ། འཛམ་གླིང་གིས་ཀྱང་ངའི་གཏམ་རྒྱུད་ཐོས་པར་བྱེད་ཀྱི་ཡིན”

    གསར་འགོད་པའི་མིག་མདུན་དུ་ཡོད་པའི་བསོད་ཕུན་ནང་ཚང་གིས་བཟོས་པའི་དཔེ་དབྱིབས་དང་བྲིས་པའི་རི་མོ་དག་ནི་གནམ་བདེ་སྒོ་མོ་དངོས་ལྟར་དང་དབྱེར་མ་མཆིས་པ།

    ཁྱིམ་ཚང་འདིའི་འགྲན་བསྡུར་ནང་ཞུགས་སེམས་དང་དེ་བཞིན་ཁོང་ཚོའི་ལྷད་མེད་ཀྱི་བརྩེ་སེམས་དང་བརྗོད་པའི་གཏམ་རྒྱུད་ཀྱིས“གྲོང་གསེབ་དར་རྒྱས་གཏོང་བར་ནག་ཆུས་འབད་འབུངས་བྱེད”ཅེས་པའི་འབོད་ཚིག་དེ་གསོན་ཉམས་དེ་བས་དོད་དུ་ཕྱིན་ཡོད།

    འབད་འཐབ་ཀྱི་ལམ་བུ་ཞིག་འདིང་བཞིན་པ།

    “ཁྱེད་རྣམ་པ་ཨ་མདོར་ཕེབས་པར་དགའ་བསུ་ཞུ། ངས་བཟོས་པའི་ཁ་ལག་གི་བྲོ་བ་ཞིག་ལྟ་རོགས”ཞེས་བསོད་ཕུན་དང་ཁོང་གི་ཁྱིམ་ཚང་གི་སྐོར་གླེང་སྐབས་སེམས་རྩ་འཁོལ་བའི་མཚོ་མོས་རླངས་པ་འཚུབ་འཚུབ་ཀྱི་ཁ་ལག་སྒྲོག་ཙེའི་སྟེང་གཤོམ་བཞིན་དེ་ལྟར་བཤད།

    ཇ་དྲི་ལམ་ལམ་དུ་འཐུལ་བའི་ཇ་བསྲུབས་མ་དང་། རང་ཉིད་ཀྱིས་བསྲེགས་པའི་ལག་བསྡོགས། མདོག་དྲི་རོ་གསུམ་འཛོམས་པའི་ཞོག་ཁོག་དང་ཚགས་ཤའི་སྐམ་ཁོག རླངས་པ་འཚུབ་འཚུབ་ཀྱི་འབྲས་ལ་སོགས་སྲོལ་རྒྱུན་དང་དེང་རབས་ཟུང་དུ་འབྲེལ་བའི་ཞིམ་ཟས་སྒྲོག་ཙེ་གང་བཤམས་སོང་བས། གསར་འགོད་པ་རང་དབང་མེད་པར་ནང་གི་ཨ་མ་དེར་ཧང་སངས་བྱུང་།

    མཚོ་མོས་ལག་ཐོགས་ཁ་པར་ནང་གི་མ་བྱན་གྱི་རྩལ་ནུས་འགྲན་བསྡུར་ནང་ཞུགས་སྐབས་ཀྱི་འདྲ་པར་ང་ཚོར་སྟོན་བཞིན། ང་རང་རྫོང་གི་རེས་སྐོར་གསར་པའི་འགྲན་བསྡུར་ལ་ཞུགས་ནས་མ་བྱན་ཞིག་བྱེད་པའམ་ཡང་ན་ཟ་ཁང་ཆུང་ཆུང་ཞིག་འཛུགས་འདོད་ཆེན་པོ་འདུག་ཅེས་བཤད་བྱུང་།

    རོ་བཅུད་ལྡན་པའི་ཁ་ལག་ཟ་བཞིན་ངོ་ཚ་སྨིན་པའི་ཚེ་རིང་རྡོ་རྗེས་ཀྱང་རང་ཉིད་ཀྱི་ཕུགས་འདུན་གླེང་འགོ་ཚུགས། “ངའི་སློབ་སྦྱོང་སྦྱངས་འབྲས་ཡག་པོ་ཡོད། རྗེས་སུ་སློབ་ཆེན་དུ་བཅའ་ཁྲིམས་ཆེད་ལས་སྦྱངས་ནས་ཁྲིམས་རྩོད་པ་ཞིག་བྱེད་འདོད་འདུག”ཅེས་བཤད་བྱུང་།

    བསོད་ཕུན་གྱིས་བློ་ཡིད་ཚིམ་པོས་བུ་མོར་ལྟ་བཞིན། ངས་ཕྱིན་ཆད་སྔར་བས་འབད་བརྩོན་བྱས་ནས་སྤོབས་པ་སྐྱེ་འོས་པའི་ཕ་ཞིག་བྱེད་ཀྱི་ཡིན་ཞེས་བཤད།

    འཁྲུག་ཆ་དོད་པའི་གླེང་མོའི་ཁྲོད་ནས་དགའ་སྤྲོ་འཁོལ་བའི་དགོད་སྒྲ་དང་བློ་སྟོབས་ཆེར་སྐྱེད་ཀྱི་ཉམས་སྣང་ཨ་མདོ་རྫོང་གི་ཕལ་པའི་འབྲོག་དུད་འདི་ལྟ་བུ་ནས་མངོན་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།