དབུ་ཤོག>ཞིང་འབྲོག་གསར་པ།
  • “ལུག་གསོའི་ཐབས་མཆོག”ལས་འཚོ་བ་བདེ་སྐྱིད་ལྡན།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-29

    ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གྲོང་ནས་རླངས་འཁོར་ལ་བསྡད་དེ་སྤྱི་ལེ་20ཙམ་གྱི་རི་མཐོའི་ལུང་ཤུར་བརྒྱུད་རྗེས་གནས་བཞི་ཤང་བརྒྱུད་པ་གྲོང་ཚོར་འབྱོར་གྱི་ཡོད།

    གྲོང་ཚོ་འཛུལ་མ་ཐག་ནོར་ལུག་འཚོ་བར་ཐོན་རྩིས་ཡོད་པའི་རྒད་པོ་རིག་འཛིན་རྡོ་རྗེ་འཕྲད་བྱུང་། རིག་འཛིན་རྡོ་རྗེ་ནི་བརྒྱུད་པ་གྲོང་ཚོའི་ལུག་དུས་ཐུང་སྡོམ་གསོས་མཉམ་ལས་ཁང་གི་ལས་མི་རྒན་གྲས་ཤིག་རེད། “ངས་མཉམ་ལས་ཁང་དུ་ལུག་ལོ་ལྔ་ཙམ་གསོ་ཚགས་བྱས་པ་ཡིན། ད་ཆ་ཟླ་རེར་གླ་ཆ་སྒོར་4500ལེན་རྒྱུ་འདུག”ཅེས་རིག་འཛིན་རྡོ་རྗེས་འཛུམ་དམུལ་དམུལ་ངང་གསར་འགོད་པར་དེ་ལྟར་བཤད་བྱུང་།

    མཚོ་སྨད་རྫོང་གིས་ལག་ལེན་བསྟར་བའི་ཞིང་འབྲོག་ལས་ཀྱི“བརྒྱ་སྟོང་ཁྲིའི་འདུ་འགོད”ལ་བརྟེན་ནས་2015ལོའི་ཟླ་བདུན་པར་བརྒྱུད་པ་གྲོང་ཚོའི་ལུག་དུས་ཐུང་སྡོམ་གསོས་མཉམ་ལས་ཁང་བཙུགས། སྐབས་དེ་དུས་བརྒྱུད་པ་གྲོང་ཚོའི་དུད་ཚང་10ཡི་མང་ཚོགས་ཚོས་ལུག་མགོ་གྲངས་375མ་རྐང་དུ་བྱས་ནས་མཉམ་ལས་ཁང་དུ་ཞུགས། ལོ་ཤས་འཕེལ་རྒྱས་བཏང་བ་བརྒྱུད་ད་ཆ་མཉམ་ལས་ཁང་དུ་ཞུགས་མཁན་མང་ཚོགས་དུད་ཚང་20བྱུང་བ་དང་། ལུག་མགོ་གྲངས་3000ཙམ་ཡོད་ཅིང་། ལོ་རེར་ལུག་མགོ་གྲངས་1000ཙམ་བཤས་གཏོང་གི་ཡོད། མཉམ་ལས་ཁང་གི་ལོའི་ཁེ་བཟང་ཡོང་འབབ་སྒོར་ཁྲི་25ཟིན་གྱི་ཡོད།

    “མཉམ་ལས་ཁང་འཛུགས་དོན་ནི་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་བཏང་ནས། ཁོ་ཚོར་ལག་རྩལ་སྣེ་གཅིག་ཁོང་དུ་ཆུད་པར་བྱས་ཏེ་འཚོ་བ་སྔར་བས་དར་ཞིང་རྒྱས་པ་ཡོང་ཆེད་རེད”བརྒྱུད་པ་གྲོང་ཚོའི་ལུག་དུས་ཐུང་སྡོམ་གསོས་མཉམ་ལས་ཁང་གི་འགན་འཁུར་བ་བསྟན་འཛིན་དབང་གྲགས་ཀྱིས།“ཁྱེད་ཚོས་མཐོང་བའི་ལུག་ཁྱུའི་གྲས་ནས་མང་ཆེ་བ་ནི‘ཝན་མེ་ལུག’རེད། ལུག་འདི་རིགས་ཟླ་བ་བརྒྱད་ནས་བཅུ་བར་དུས་ཐུང་རྒྱགས་གསོ་ཐུབ་པ་དང་། ལུས་སྟོབས་ཆེ་ལ་ཤ་ཤེད་ཡག་པ། ལུག་ཤ་ཚི་ལུ་བག་བག་ཡིན་ལ་བྲོ་བ་ཞིམ་པ་བཅས་ཡོད་པས། འཛད་སྤྱོད་པ་མང་པོའི་གདེང་འཇོག་བཟང་པོ་ཐོབ་ཡོད། 2019ལོ་ནས་2021ལོ་བར‘ཝན་མེ་ལུག’མགོ་གྲངས་220བཤས་ཁོངས་སུ་བཏང་བས་མཉམ་ལས་ཁང་ལ་ཡོང་འབབ་སྒོར་ཁྲི་20བྱུང་ཡོད”ཅེས་གསར་འགོད་པར་བཤད་བྱུང་།

    ད་བྱེད་དུས་གསོ་ཚགས་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བ་དང་ལུག་གསོ་ཚགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་ཆེད། 2018ལོར་ཨན་ཧུའེ་ཞིང་ཆེན་གྱི་རོགས་རམ་འོག་བརྒྱུད་པ་གྲོང་ཚོའི་ཡུལ་ལུག་དུས་ཐུང་སྡོམ་གསོས་མཉམ་ལས་ཁང་གིས་ཨན་ཧུའེ་ནས་རྒྱུད་བཟང་ལུག་ཐུག་3ནང་འདྲེན་བྱས་ཏེ། བརྒྱུད་པ་གྲོང་ཚོའི་ཡུལ་ལུག་དང་རྒྱུད་འདྲེས་ལེགས་བཅོས་བྱས་ནས་ལུག་གི་རིགས་གསར་པ་སྐྱེད་སྲིང་བྱས་པ་རེད། ཨན་ཧུའེ་བོད་སྐྱོར་སྟོབས་ཤུགས་ཀྱིས་རོགས་རམ་གནང་བར་ཐུགས་རྗེ་ལེགས་འབུལ་ཞུ་ཆེད། མཉམ་ལས་ཁང་གིས་ལུག་དེ་རིགས་ཀྱི་མིང་ལ“ཝན་མེ་ལུག”ཞེས་བཏགས་པ་རེད།

    ད་ཆ་རྒད་པོ་རིག་འཛིན་རྡོ་རྗེ་དང་འདྲ་བར་མཉམ་ལས་ཁང་དུ་ཡུན་རིང་ལས་ཀ་བྱེད་མཁན་མི་བརྒྱད་ཡོད་ཅིང་། ཁོ་ཚོའི་ལོའི་ཡོང་འབབ་སྒོར་ཁྲི་6ཙམ་ཟིན་གྱི་ཡོད། དུས་ཐུང་ལས་ཞུགས་བྱེད་མཁན་4ཡི་ལོའི་ཆ་སྙོམས་ཡོང་འབབ་སྒོར་5000ཙམ་ཟིན་གྱི་ཡོད། 2020ལོ་དང་2021ལོར་མཉམ་ལས་ཁང་གིས་གྲོང་ཚོ་དེའི་མང་ཚོགས་དུད་ཚང་35ལ་རོགས་སྐྱོར་བྱས་པ་དང་། རོགས་སྐྱོར་འཐོབ་མཁན་དུད་ཚང་གིས་མཉམ་ལས་ཁང་དུ་ལས་ཀ་བྱས་པར་ལོ་རེར་དུད་ཚང་རེར་ཆ་སྙོམས་ཡོང་འབབ་སྒོར་ཁྲི་6ཙམ་ཡོང་གི་ཡོད།

    “འདི་ལོ་ང་ཚོའི་དམིགས་ཚད་ནི་རོགས་སྐྱོར་དུད་ཚང་45བར་མང་དུ་གཏོང་རྒྱུ་ཡིན་པ་དང་དུས་མཚུངས། ‘ཝན་མེ་ལུག’གི་རྒྱུད་པ་ལེགས་བཅོས་ལ་མུ་མཐུད་སྐུལ་འདེད་བཏང་སྟེ། ང་ཚོའི་མཉམ་ལས་ཁང་ལ་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་ཆེན་པོ་ལྡན་པར་བྱེད་པ་འདི་རེད”ཅེས་བསྟན་འཛིན་དབང་གྲགས་ཀྱིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།