གསར་འགོད་པར་ཉེ་ཆར་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་1པོ་ནས་3པའི་བར་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས་བསམ་ཕྱོགས་སྔར་བས་གསལ་བཟོ་དང་སྲིད་ཇུས་འཐུས་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་མི་འཚོ་སྡོད་ཀྱི་ཁོར་ཡུག་བཅོས་སྒྲིག་དང་གྲོང་གསེབ་ཀྱི“གསང་སྤྱོད་གསར་བརྗེ”སོགས་ཀྱི་གཙོ་གནད་ལས་དོན་ལ་རྒྱུན་མཐུད་དམ་འཛིན་བྱས་ཏེ་ལས་དོན་ཁག་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། རང་ལྗོངས་ཀྱི་ཞིང་ལས་གྲོང་གསེབ་སྡེ་ཚན་གྱིས“གཙང་སེལ་བཞི་དང་འགྱུར་ལྡོག་གཉིས”ཀྱི་གྲོང་གསེབ་གཙང་སེལ་བྱ་སྤྱོད་དམ་འཛིན་བྱ་གཞིར་བྱས་ནས་ཞིང་འབྲོག་ཁུལ་གྱི་ཁོར་ཡུག“བཙོག་ཟིང་ཞན”གསུམ་གྱི་གནད་དོན་མངོན་གསལ་དོད་པོས་ཐག་གཅོད་བྱས་ཡོད། ལོ་འགོ་ནས་བཟུང་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་སོགས་དུས་ཆེན་གལ་ཆེན་དང་ཟུང་འབྲེལ་བྱས་ཏེ་ལྗོངས་ཡོངས་སུ“དཔྱིད་གསར་བསུ་བའི”གྲོང་ཚོའི་གཙང་སེལ་བྱ་སྤྱོད་ཐེངས་2སྤེལ་བ་དང་། ཞིང་འབྲོག་མང་ཚོགས་མི་ཐེངས་191429སྐུལ་སློང་བྱས་པ། གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་ཏུན་9574.93གཙང་མ་བཟོས་པ། གྲོང་གསེབ་ཀྱི་འགྱིག་ཤོག་གད་སྙིགས་ཏུན་3823གཙང་མ་བཟོས་ཡོད། གྲོང་ཚོའི་ནང་གི་ཆུ་རྫིང་3838དང་། གྲོང་ཚོའི་ནང་གི་ཆུ་ཡུར་སྤྱི་ལེ་4195.72 ཆུ་ལམ་དང་མཚོ་སྤྱི་ལེ་5106.52 གྲོང་ཚོའི་ནང་གི་འདམ་རྫབ་ཏུན་2654.29 གྲོང་ཚོའི་ནང་གི་གྱང་རོ་584 གྲོང་ཚོའི་ནང་གི་བེད་མེད་འཕྲུལ་ཆས་225 སོག་མ་གང་བྱུང་དུ་བཞག་པ་1265 གྲོང་ཚོའི་ནང་གི་ཞིང་སྤྱོད་འགྱིག་ཤོག་ཏུན་81865.88 ཕྱུགས་རིགས་བྱ་རིགས་དང་ཁྱིམ་བྱའི་ལུད་ཏུན་7070.31བཅས་ཐག་གཅོད་བྱས་པས། ཞིང་འབྲོག་པའི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ་དང་། ཏང་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་སྤྲད་པའི་གྲོང་གསེབ་ཐེམ་དུད་ཀྱི་འཕྲོད་བསྟེན་གསང་སྤྱོད་སྒྱུར་བཀོད་བྱ་དགའ་སྒོར་ཁྲི་7831.5དོན་འཁྱོལ་བྱས་ཏེ་གྲོང་གསེབ་ཐེམ་དུད་ཀྱིས་འཕྲོད་བསྟེན་གསང་སྤྱོད་སྒྱུར་བཀོད་ལ་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ཟླ་བ་དང་པོ་ནས་གསུམ་པའི་བར་གྲོང་གསེབ་ཐེམ་དུད་ཀྱི་འཕྲོད་བསྟེན་གསང་སྤྱོད་2582སྒྱུར་བཀོད་བྱས་ཡོད་པ་རེད།