འདི་ནི་བོད་ལྗོངས་བདེ་བསམ་འདེབས་གསོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་དབུལ་པོའི་ཁྱིམ་ཚང་ལ་འཚམས་འདྲིའི་དངོས་པོ་སྤྲོད་བཞིན་པ།
འདི་ནི་རྡོ་རྗེ་བསམ་གྲུབ་ལ“བོད་རང་སྐྱོང་ལྗོངས་ལས་ཞུགས་ལས་གཏོད་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན”ཐོབ་པ།
དེང་གི་ཆར་ལས་གཏོད་ཅེས་བརྗོད་མ་ཐག མི་ཕལ་མོ་ཆེའི་བློ་ངོར་ཐོག་མར་འཆར་བ་ནི་སློབ་ཆེན་གྱི་སྒོ་མོ་ནས་ཐོན་མ་ཐག་པའི་སློབ་མ་དག་རེད། ཡིན་ནའང་། ལས་གཏོད་ནི་མཐོ་སློབ་སློབ་ཐོན་སློབ་མ་ཁོ་ནར་དབང་བ་ཞིག་ག་ལ་ཡིན་སྲིད། ཉེ་དུས“བོད་རང་སྐྱོང་ལྗོངས་ལས་ཞུགས་ལས་གཏོད་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན”ཐོབ་པའི་རྡོ་རྗེ་བསམ་གྲུབ་ནི་སློབ་ཆེན་ཕར་བཞག་སློབ་ཆུང་ཡང་ཡག་པོ་འགྲིམ་མྱོང་མེད་པ་ཞིག་རེད་འདུག
འདི་ལོ་ལོ་32ལ་སླེབས་པའི་རྡོ་རྗེ་བསམ་གྲུབ་ནི་ལྷ་ས་སྣེའུ་ཁུལ་གསར་བདེ་སྤྲོ་ཨུ་ཡོན་ལྷན་ཁང་གི་གནས་སྤོས་ཡུལ་མི་ཞིག་ཡིན་པ་དང་། དེ་ཡང་། དེ་སྔོན་གོ་འཇོ་རྫོང་བྱང་གསུམ་ཤང་ཕྱ་གཡག་གྲོང་ཚོར་དཔུང་ས་འོག་ཏུ་འཇུག་དུས་ནས། ད་ཆ་ལྷ་ས་སྣེའུ་ཁུལ་གསར་བདེ་སྤྲོ་ཨུ་ཡོན་ལྷན་ཁང་དུ་གྲོང་ཁྱེར་གྱི་འཚོ་བར་རོལ་བའི་བར་གྱི་ལོ་འདི་དག་རིང་འཚོ་བ་སྐྱེལ་སའི་ཁོར་ཡུག་དང་། འཚོ་བ་སྐྱེལ་སྟངས་ལ་སོགས་པར་འགྱུར་ལྡོག་ཆེན་པོ་བྱུང་ཡོད་ན་ཡང་། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་རང་གཞན་གཉིས་བདེ་སྐྱིད་ཀྱི་ལམ་དུ་སྐྱོད་པའི་ཐོག་མའི་བསམ་འདུན་ལ་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་ཡེ་ནས་བྱུང་མེད།
རྡོ་རྗེ་བསམ་གྲུབ་ཀྱིས་ཕ་ཡུལ་གོ་འཇོ་ས་ངན་དུ་འཇོར་དང་སྦྱག་མ་གྲོགས་སུ་སྟེན་དུས། ས་གནས་དེ་གའི་ཏང་ཨུད་དང་སྲིད་གཞུང་གིས་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་ནས་འབབ་འཕར་ཕྱུག་འགྱུར་ཡོང་བ་བྱེད་པར་སྐུལ་མ་གཏོང་གི་ཡོད་སྟབས། ཁོང་གིས་གོ་སྐབས་དམ་འཛིན་གྱིས་ཏང་དང་སྲིད་གཞུང་གི་འབོད་སྐུལ་དང་དུ་བླངས་ནས་གོ་འཇོ་རྫོང་ས་ངན་ཞིང་པའི་བོད་ཕག་ཆེད་ལས་གསོ་སྤེལ་མཉམ་ལས་ཁང་བཙུགས་ཤིང་། སྐབས་དེར་བོད་ཕག་གསོས་ནས་འཚོང་བ་ཕུད། མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕ་ཡུལ་གྱི་རི་ཀླུང་མུའུ་180ཙམ་ལ་ལྕང་སོན་བཏབ་ནས་འབབ་འཕར་ཕྱུག་འགྱུར་གྱི་ལམ་ལ་བསྐྱོད་པས་ན། ཁོང་དང་ཡུལ་མི་རྣམས་ཀྱི་འཚོ་བའི་འཁོས་ཀ་ལེགས་སུ་ཕྱིན་པ་དང་ཆབས་ཅིག ལྕང་འཛུགས་ཀྱི་ཉམས་མྱོང་ཕུན་སུམ་ཚོགས་པོ་ཞིག་བསགས་ཡོད།
2017ལོར། ཆབ་མདོའི་ས་ངན་ཁུལ་ཡོངས་གྲོང་ཁྱེར་གཞན་དུ་སྤོ་བའི་དབུལ་སྐྱོར་གྱི་སྲིད་ཇུས་བཏོན་རྗེས། ཕྱུག་འགྱུར་སྣེ་ཁྲིད་པ་ཞིག་གི་ངོས་ནས། ཁོང་གིས་གོང་རིམ་གྱི་ཐབས་ཇུས་བཀོད་སྒྲིག་ལ་ཡིད་ཆེས་བརྟན་པོ་བྱས་ནས་གནས་སྤོའི་ལས་ལ་གཞོགས་འདེགས་ཧུར་ཐག་བྱས་པ་མ་ཟད། ལྷ་སར་སྤོས་རྗེས། ཁོང་གིས་ལྕང་འཛུགས་ཉམས་མྱོང་ཕུན་སུམ་ཚོགས་པོར་བརྟེན་པ་དང་ཆབས་ཅིག རང་རྒྱུད་ལ་མངའ་བའི་གདོང་མཆོང་བྱེད་ཕོད་པ་དང་། ཡ་ཡུད་བྱེད་ཕོད་པ། སྔར་མེད་གསར་གཏོད་བྱེད་ཕོད་པ་བཅས་ཀྱི་སྙིང་སྟོབས་སྤེལ་ནས། སྔོན་ཆད་བསགས་བསགས་གྲུང་གྲུང་བྱས་པའི་དངུལ་སྒོར་ཁྲི་41ཡོད་པ་ཚང་མ་བཏང་སྟེ། ཆུ་ཤུར་རྫོང་རྟ་དཀར་གྲོང་རྡལ་ཟས་མདའ་གྲོང་ཚོའི་ཙུའུ་གཉིས་པ་ནས་ས་ཞིང་མུའུ་50ཙམ་བོགས་མར་བླངས་ཏེ། བོད་ལྗོངས་བདེ་བསམ་འདེབས་གསོ་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་པ་དང་སྦྲགས། སྣེའུ་ཁུལ་གསར་བཀོད་སྒྲིག་བྱ་ཡུལ་མང་ཚོགས་ཀྱི་སྣེ་ཁྲིད་དེ་སླར་ཡང་ལས་གཏོད་ཀྱི་ལམ་དུ་ཞུགས།
ད་ལྟ་མཉམ་ལས་ཁང་དུ་རྒྱ་ལྕང་དང་སྒྲོན་ཤིང་། གསོམ་ཤིང་། རྒྱ་ཤུག སྦྱར་པ། ཡོ་འབོག་སོགས་བོད་ཀྱི་ཁོར་ཡུག་དང་འཚམ་པའི་ཤིང་སྣ་བཅུ་གྲངས་འདེབས་ཀྱི་ཡོད་ཅིང་། ལྕང་སོན་གྱི་སྤུས་ཀ་ལེགས་ལ། ཤིང་སྣ་མང་བ། རྩྭ་སྤོས་བརྒྱབ་རྗེས་སྐྱེ་བཟང་བས། ལྕང་སོན་ཉོ་མཁན་མང་པོ་འདུག གསར་འགོད་པ་དང་བཅས་པ་མཉམ་ལས་ཁང་དུ་བཅར་འདྲི་བྱེད་རིང་། སྟོད་ལུང་གི་ཡུལ་མི་སྐལ་བཟང་ལྕང་སོན་ཉོ་བར་སླེབས་འདུག དེས་ན། གསར་འགོད་པས་ཁོང་ལ་མཉམ་ལས་ཁང་འདིའི་ལྕང་སོན་གང་འདྲ་འདུག་ཅེས་སྐད་ཆ་དྲིས་པས། ཁོང་གིས་ཤུག་པ་དང་རྒྱ་ལྕང་གི་སོན་རྡག་རྡག་གང་བླུགས་པའི་མོ་ཊ་ཞིག་ལ་མཛུབ་མོ་བཙུགས་ནས། “དེ་རིང་ང་ཚོ་ཆེད་མངགས་འདིར་ལྕང་སོན་ཉོ་བར་ཡོང་བ་ཡིན། ན་ནིང་འདི་ནས་ལྕང་སོན་ཐོ་ཕྲུག་གང་ཉོས་པ་ཡིན། དཔེ་རང་ཡག་པོ་འདུག ལྕང་སོན་ཚང་མ་སྐྱེས་ནས་ད་ཆ་ཆེན་པོ་ཞེ་དྲག་ཆགས་འདུག”ཅེས་དགའ་སྤྲོའི་ངང་ནས་བཤད་བྱུང་།
ཉ་སྟེར་བ་ལས་ཉ་འཛིན་སྟངས་བསླབས་ན་དགའ་བ་ལྟར། སེམས་རྩ་འཁོལ་ལ་གཞན་ཕན་གྱི་ལས་ལ་སྤྲོ་བའི་རྡོ་རྗེ་བསམ་གྲུབ་ཀྱིས་ལས་ཀ་མེད་པའི་མང་ཚོགས་ཀྱིས་ལག་རྩལ་སྣ་གཅིག་ཁོང་དུ་ཆུད་ཐུབ་ཆེད། འབྱོར་འཁོས་ཞན་པའི་མི་དང་། དབང་པོ་སྐྱོན་ཅན། དེ་བཞིན་ལས་ཞུགས་ཐུབ་མེད་པའི་མང་ཚོགས་བཅས་ཁྱོན་མི་40ཙམ་ལ་ཉིན་གླ་སྒོར་200སྤྲད་ནས་མཉམ་ལས་ཁང་གི་ལས་མིར་བསྡུས་པ་མ་ཟད། ངང་རྒྱུད་རིང་པོས་ལྗོན་ཤིང་འདེབས་སྟངས་དང་གཡོག་བྱེད་བྱེད་སྟངས་སོགས་བུམ་པ་གང་བྱོའི་ཚུལ་གྱིས་དམར་ཁྲིད་ཀྱང་བྱས་པས། ད་ཆ་ཁོ་ཚོ་མང་ཆེ་བ་དགེ་ཕྲུག་ཐོན་ནས་ལྗོན་ཤིང་འདེབས་སྟངས་སོགས་ལ་བྱང་ཆུབ་པར་གྱུར་འདུག དེ་བཞིན་མང་ཚོགས་ཀྱི་ལས་ཞུགས་ལས་གཏོད་ལ་ལེགས་སྐྱེས་མི་དམན་པ་ཕུལ་བས། འདི་ལོའི་ཟླ་2པར་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་དང་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་རྡོ་རྗེ་བསམ་གྲུབ་ལ“བོད་རང་སྐྱོང་ལྗོངས་ལས་ཞུགས་ལས་གཏོད་ལས་དོན་གྱི་སྔོན་ཐོན་མི་སྒེར་གྱི་མཚན་སྙན”གནང་འདུག
ལོ་ཤས་རིང་མ་གཞི་རྡོ་རྗེ་བསམ་གྲུབ་ཀྱི་ཁྱིམ་གྱི་འཁོས་ཀ་ཧ་ཅང་ལེགས་སུ་ཕྱིན་ཡོད་རུང་། དཔལ་དང་འབྱོར་པ་སྔར་བཞིན་ཧང་སངས་དགོས་པ་ཞིག་མེད། འོན་ཀྱང་སྐྱིད་ལ་ཁའི་རྩྭ་ལ་མཉམ་ཟ་དང་སྡུག་སྔོན་མོའི་ཆུ་ལ་མཉམ་འཐུང་བྱེད་པར་ལོབས་པའི་ཁོང་གིས་མཉམ་ལས་ཁང་ནས་ཡོང་འབབ་འབྱུང་དུས་དཀའ་ངལ་ཡོད་པའི་མང་ཚོགས་བརྗེད་ཀྱི་མེད་ཅིང་། དུས་ཆེན་དང་ལོ་གསར་གཏོང་རིམ་བཞིན་ཁོང་གིས་སྣེའུ་ཁུལ་གསར་བདེ་སྤྲོ་ཨུ་ཡོན་ལྷན་ཁང་གི་མང་ཚོགས་དབུལ་པོར་འཚམས་འདྲིའི་བྱེད་སྒོ་སྤེལ་གྱི་ཡོད། རིམ་རྩིས་བརྒྱབ་པར་གཞིགས་ན། རྡོ་རྗེ་བསམ་གྲུབ་ཀྱིས་ད་བར་མང་ཚོགས་དབུལ་པོར་ཁྱོན་ཞལ་འདེབས་སྒོར་ཁྲི་17ཙམ་བརྒྱབ་འདུག
ཕྱིས་འབྱུང་གི་སྐོར་གླེང་སྐབས་རྡོ་རྗེ་བསམ་གྲུབ་ཀྱིས། “ད་ལྟའི་མཉམ་ལས་ཁང་འདི་རྒྱ་ཆེ་རུ་བཏང་ནས། མང་ཚོགས་དེ་བས་མང་བ་དང་མཉམ་དུ་ཕྱུག་པོའི་ལམ་དུ་སྐྱོད་པ་དང་སྦྲགས། མུ་མཐུད་བོད་ཀྱི་སྐྱེ་ཁམས་སྲུང་སྐྱོང་གི་ལས་དོན་ལ་རང་ནུས་གང་ཡོད་འདོན་རྩིས་ཡོད”ཅེས་བཤད་བྱུང་ལ། གསར་འགོད་པས་ཁོང་གི་གྲུང་ཤ་དོད་པའི་མིག་གཉིས་ལས་ཡིད་ཆེས་ཀྱིས་ཁེངས་པའི་འོད་སྣང་གསལ་ལེ་བ་ཞིག་འཕྲོ་བཞིན་པ་མཐོང་བྱུང་། (གསར་འགོད་པ། བསྟན་འཛིན་རྒན་པ་དང་བསོད་ནམས་ཆོས་སྒྲོན)