དབུ་ཤོག>ཞིང་འབྲོག་གསར་པ།
  • ཁམ་བུའི་མེ་ཏོག་གྲོང་ཚོའི་འཕོ་འགྱུར།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-05-18

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཀ་ལ་གྲོང་ཚོར་བོད་ཀྱི"ཁམ་བུའི་མེ་ཏོག་གི་གྲོང་ཚོ་དང་པོར"གྲགས། འདི་གར་རི་སྐྱེས་ཁམ་སྡོང་1200ལས་མུའུ་270ལྷག་ཙམ་གྱི"ཁམ་བུའི་མེ་ཏོག་གི་སྐྱེད་ཚལ"ཞིག་ལྷུན་གྱིས་གྲུབ་ཡོད། ལོ་རེའི་ཟླ་གསུམ་པའི་ཟླ་སྨད་དུ་ཁམ་བུའི་མེ་ཏོག་གི་བཞད་ཁ་རབ་ཏུ་ཕྱེ་ནས་འདི་གར་མཛེས་ལྗོངས་དང་མེ་ཏོག་ལ་ལྟ་མཁན་གྱི་ཡུལ་སྐོར་བ་རྒྱུན་ཆད་རྒྱུ་མེད། ཁམ་སྡོང་སྐྱེད་ཚལ་དང་གྲོང་ཚོའི་ཉེ་འགྲམ་གང་སར་གྲོང་མི་ཚོའི་ལས་བྲེལ་ཆེ་བའི་གཟུགས་བརྙན་མཐོང་རྒྱུ་ཡོད།

    2021ལོར་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་70འཁོར་བ་དང་སྐབས་འཁེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་ཟླ་7ཚེས་21ཉིན་ཀ་ལ་གྲོང་ཚོར་བརྟག་ཞིབ་གནང་བར་ཕེབས། "སྤྱི་ཁྱབ་ཧྲུའུ་ཅི་ངའི་ཁྱིམ་དུ་ཕེབས་ནས་བྱམས་བརྩེ་ཆེན་པོས་ང་ཚོར་འཚོ་བ་དང་ཁྱིམ་གྱི་གནས་ཚུལ་སྐོར་བཀའ་འདྲི་ཞིབ་ཕྲ་གནང་བྱུང་། སྤྱི་ཁྱབ་ཧྲུའུ་ཅིས་ཐུགས་ཁུར་གནང་བས་ང་ཚོ་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས་བྱུང་། དེ་དོན་ངས་ཚེ་གང་བརྗེད་མི་སྲིད"ཅེས་གྲོང་མི་ཟླ་བ་རྒྱལ་མཚན་གྱིས་སྐབས་དེ་དུས་ཀྱི་གནས་ཚུལ་ཕྱིར་དྲན་བྱེད་བཞིན་བཤད།

    སྔོན་ཆད་ཀྱི་རི་གྲོང་དབུལ་པོ་ད་ཆ་དྲ་ཐོག་མིང་ཅན་མཛེས་ལྗོངས་ཁུལ་དུ་གྱུར་པ།

    ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ནས་རྒྱལ་ལམ་318བརྒྱུད་ལམ་ཐག་སྤྱི་ལེ་བཅུ་ཙམ་རྡོག་ཐོག་བྱས་ན་ཐག་རིང་ནས་ཁམ་བུའི་སྐྱེད་ཚལ་དབུས་སུ་གནས་པའི་ཀ་ལ་གྲོང་ཚོ་རབ་རིབ་མཐོང་ཐུབ་པ་དང་། དེ་ནས་ཉེ་བར་བཅར་ན་ཐོག་ཁ་དམར་པོའི་བོད་བཟོའི་ཐོག་བརྩེགས་ཁང་པ་དང་། མི་རིགས་ཀྱི་ཁྱད་ཆོས་ཟབ་མོ་ལྡན་པའི་ཁྱིམ་ཚང་མགྲོན་ཁང་། ལྗོངས་གཟིགས་སྒང་། དེ་བཞིན་གཙང་ལ་སྣུམ་པའི་གྲོང་གསེབ་གཞུང་ལམ། གང་སར་སྔོ་ལྗང་ལྗོན་ཤིང་གིས་བརྒྱན་པ་བཅས་ཀྱི་མཛེས་ལྗོངས་མིག་ལམ་དུ་འཆར་འོང་།

    གྲོང་ཚོར་སྐྱོད་སྐབས་མཁའ་རླུང་གཙང་མའི་ཁྲོད་ཁམ་བུའི་མེ་ཏོག་གི་དྲི་བསུང་མངར་སིལ་སིལ་ཞིག་དྲི་འཛིན་བུ་གར་འཐུལ་འོང་། ཨར་འདམ་ལམ་གྲོང་མིའི་སྒོ་ཁ་བར་བཏིང་ཡོད་པ་དང་དཀར་རག་དང་ཚོས་ལྡན་སོ་ཕག་གིས་བརྒྱན་པའི་གྲོང་མིའི་སྡོད་ཁང་ལམ་ངོགས་སུ་གྲལ་འགྲིག་པོས་བརྒྱབ་ཡོད་པ་མ་ཟད། ད་དུང་སྒོ་རྩིས་ཚོང་ཁང་དང་། གྲོང་ཚོའི་བྱེད་སྒོ་ཁང་། འཕྲོད་བསྟེན་ཁང་། སྤྱི་པའི་གསང་སྤྱོད་སོགས་གང་དགོས་ཚང་མ་འཛོམས་ཡོད། གདོད་མའི་སྐྱེ་ཁམས་དང་དེང་རབས་ཀྱི་ཁྱད་ཆོས་ཟུང་དུ་འབྲེལ་བའི་གྲོང་ཚོ་འདི་ནས་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད།

    ལོ་བཅུའི་གོང་དུ་འདི་གའི་རྣམ་པ་གཞན་ཞིག་ཡིན་ཞིང་། "སྐབས་དེ་དུས་གྲོང་ཚོར་མི་ཕྱུགས་ལོགས་སུ་དབྱེ་མེད་པ་དང་བཙོག་ཆུ་གང་སར་འབུད་ཀྱི་ཡོད་པས། དྲི་ངན་འཐུལ་བའི་ཁར་གྲོང་ཚོའི་བཀོད་པ་མཛེས་པོ་མེད་ལ་རྨང་གཞིའི་སྒྲིག་བཀོད་ཀྱང་འཐུས་སྒོ་ཚང་པོ་མེད་སྟབས་གྲོང་ཚོ་ཡོངས་ཀྱི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་ཡོད། གྲོང་མི་ཚོས་ལོ་གཅིག་རིང་དཀའ་བ་ཚད་མེད་སྤྱད་ཀྱང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་5000ཙམ་ཡང་ཟིན་གྱི་མེད"ཅེས་ཀ་ལ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་སྤེན་པས་སྔར་སོང་གི་ལོ་ཟླར་ཕྱིར་དྲན་བྱེད་བཞིན་བཤད།

    2014ལོ་ནས་བཟུང་གྲོང་ཚོའི་བཀོད་པར་འགྱུར་ལྡོག་འགྲོ་འགོ་ཚུགས། ལོ་དེར་ཀ་ལ་གྲོང་ཚོས་གྲོང་མིའི་སྡོད་ཁང་གི་ཁོར་ཡུག་བཅོས་སྒྲིག་བྱས་ནས་མི་ཕྱུགས་ལོགས་སུ་དབྱེ་བ་རེད། སྔོ་འགྱུར་ནགས་བཟོ་དང་། སྒོ་ར་སྒྱུར་བཀོད། ལམ་ཆུང་བཟོ་བ། ལྗོངས་གཟིགས་སྒང་བསྐྲུན་པ། ཨར་འདམ་ལམ་འདིང་བ། ས་འོག་ཆུ་འགྲོ་བཟོ་བ། སྔོ་ལྗང་འདུ་འགོད་འཛུགས་སྐྲུན། ར་སྐྱོར་བསྐྲུན་པ། ཚལ་ཞིང་བཟོ་བ་བཅས་བྱས་ཡོད། ཁོར་ཡུག་ལེགས་སུ་ཕྱིན་པས་གྲོང་མི་ཚོའི་ཐོན་སྐྱེད་དང་འཚོ་བའི་སྤུས་ཚད་མཐོ་རུ་ཕྱིན་པ་དང་སྦྲགས་ཀ་ལ་གྲོང་ཚོ་དེ་ཡང་གྲོང་ཚོ་ནས་མཛེས་ལྗོངས་ཁུལ་བར་གྱི་འགྱུར་ལྡོག་ཆེན་པོ་བྱུང་ཡོད། དེ་དང་བསྟུན་ནས་ཀ་ལ་གྲོང་ཚོའི་ཁམ་བུའི་དུས་ཆེན་གྱི་མིང་གྲགས་ཀྱང་དེ་བས་ཆེ་རུ་ཕྱིན་ཡོད།

    སྔོན་ཆད་ལོ་རེའི་དཔྱིད་དུས་སུ་འདི་གར་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གཉེར་གྱི་ཡོད་རུང་། འོན་ཀྱང་སྒྲིག་ཆས་དང་ཁོར་ཡུག་སོགས་ཀྱིས་རྐྱེན་པས་ལོ་ལྟར་ཁམ་བུའི་མེ་ཏོག་དུས་ཆེན་གཉེར་ཁུལ་ཙམ་རེད། སྐབས་དེ་དུས་རྒྱལ་སྒོ་དང་གསང་སྤྱོད་ཀྱང་མེད་ལ། ཡོང་མཁན་ཡང་ཉེ་འཁོར་གྱི་གྲོང་མི་ཙམ་རེད། ད་ཆ་ཁམ་བུའི་མེ་ཏོག་དུས་ཆེན་ཉིན་ཁ་ཤས་གཉེར་གྱི་ཡོད་པ་དང་འཁྲུག་ཆ་དོད་པོ་ཡོད། ད་དུང་རིག་རྩལ་འཁྲབ་སྟོན་དང་སྒོར་གཞས་སོགས་བྱེད་སྒོ་མང་པོ་གཉེར་གྱི་ཡོད། ཡུལ་སྐོར་བ་མང་པོས་ལམ་ཐག་རིང་ཡང་ངལ་དུབ་ལ་མི་འཛེམས་པར་ཞིང་ཆེན་དང་རང་སྐྱོང་ལྗོངས་གཞན་དག་གམ་ཡང་ན་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་གཞན་དག་ནས་འདི་གར་ཁམ་བུའི་མེ་ཏོག་དུས་ཆེན་གཏོང་བར་ཡོང་གི་ཡོད།

    ད་ཆ་ཁམ་སྡོང་དེ་གྲོང་མི་ཚོའི་དཔག་བསམ་ལྗོན་ཤིང་ལྟ་བུར་གྱུར་པ།

    2002ལོར་ཉིང་ཁྲིའི་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་འདི་གར་གཉེར་བ་ནས་བཟུང་ཀ་ལ་གྲོང་ཚོས་བསྟུད་མར་སྐབས་20གཉེར་བ་རེད། འོན་ཀྱང་ལོ་དགུའི་གོང་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་སྐབས་བཅུ་ལྷག་ཙམ་གཉེར་ཡང་ལོ་རེའི་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་5ཡང་ཟིན་གྱི་མེད། གང་ཡིན་ཟེར་ན་སྐབས་དེ་དུས་འཆར་འགོད་དོ་དམ་མེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་པོ་མེད་པ། ཁོར་ཡུག་བཙོག་ཟིང་ཆེ་བ། མཛེས་ལྗོངས་ཁུལ་གྱི་མིང་གྲགས་ཆེན་པོ་མེད་པ། ཡུལ་སྐོར་བའི་གྲངས་འབོར་ཧ་ཅང་ཉུང་བ་ལ་སོགས་ཀྱིས་རྐྱེན་པས་རེད།

    འོན་ཀྱང་2014ལོ་ནས་བཟུང་ཁམ་བུའི་མེ་ཏོག་གྲོང་ཚོར་འགྱུར་ལྡོག་ཆེན་པོ་འགྲོ་འགོ་ཚུགས། ཉེ་བའི་ལོ་ཤས་རིང་སྡོད་མལ་ཁོར་ཡུག་བཅོས་སྒྲིག་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་དུ་ཕྱིན་པ་དང་བསྟུན་ནས་ཀ་ལ་གྲོང་ཚོའི་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། སྔ་རྗེས་སུ་ཀ་ལའི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོའི་རྣམ་གྲངས་དང་། ཀ་ལའི"ཁམ་བུའི་མེ་ཏོག་གི་འབྱུང་ཁུངས"རིམ་སྤོར་འདུ་འགོད། ཀ་ལ་གྲོང་ཚོའི་ཞིང་ལས་ཕྱོགས་བསྡུས་འཛུགས་སྐྲུན་རྣམ་གྲངས། ཡིད་འོང་གྲོང་གསེབ་རྣམ་གྲངས་བཅས་ལག་ལེན་བསྟར་བས། ཀ་ལ་གྲོང་ཚོ"ཉིང་ཁྲི་གྲོང་ཁྱེར་གྱི་ཁམ་བུའི་མེ་ཏོག་ཡུལ་སྐོར་རིག་གནས་དུས་ཆེན་གཉེར་ས"དང་། "ཉིང་ཁྲི་གྲོང་ཁྱེར་གྱི་སྤྱི་གླིང" "ཉིང་ཁྲི་གྲོང་ཁྱེར་གྱི་གཉེན་སྒྲིག་པར་ལེན་རྟེན་གཞི"བཅས་སུ་གྱུར་ཡོད། སྔོན་མ་གདོད་མའི་རྣམ་པ་དང་དོ་དམ་གཉེར་སྐྱོང་བྱེད་མཁན་མེད་པའི་ཁམ་སྡོང་གླིང་ཁར་ཡང་གྲོང་ཚོས་གཅིག་གྱུར་དོ་དམ་གཉེར་སྐྱོང་བྱས་ཏེ། ལྗོངས་གཟིགས་སྒང་དང་། འཕྲང་ལམ། ཨར་འདམ་ལམ། སྔོ་འགྱུར། གར་སྟེགས་བཅས་རིམ་པ་བཞིན་འཐུས་སྒོ་ཚང་དུ་ཕྱིན་པ་རེད།

    གྲོང་གསེབ་ཡུལ་སྐོར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ཁམ་བུའི་མེ་ཏོག་རིག་གནས་ཡུལ་སྐོར་དུས་ཆེན་གོ་སྐབས་སུ་བྱས་ཏེ་ས་གནས་དེ་གའི་མི་རིགས་ཀྱི་ཁྱད་ལྡན་ཡུལ་སྐོར་ཐོན་རྫས་དང་དེ་བཞིན་ལག་ཤེས་བཟོ་རྩལ་ཐོན་རྫས་ལ་ལས་སྟེགས་བསྐྲུན་པ་དང་། བོད་ཕག་དང་། སྤོས། ཤིང་ཕོར། འཚེམ་འདྲུབ་མའི་རྒྱབ་ཁུག ལག་ཤེས་མགུལ་རྒྱན། ཐང་ག་སོགས་དམངས་སྲོལ་རིག་གནས་ཡུལ་སྐོར་ཚོང་ཟོག་སྣ་ཚོགས་རྒྱལ་ཡོངས་ཀྱི་ས་གནས་ཁག་ཏུ་ཕྱིར་གཏོང་བྱེད་ཀྱི་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ཀ་ལ་གྲོང་ཚོའི་ཁམ་བུའི་མེ་ཏོག་དུས་ཆེན་རིང་རིམ་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་14ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་460ལྷག་ཙམ་བྱུང་བ་དང་དུད་ཚང་རེར་ཆ་སྙོམས་སྒོར་ཁྲི་10ཙམ་བགོ་འགྲེམས་བརྒྱབ་པ་དང་། གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་3.5ཟིན་ཡོད།

    རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱས་ན་གསེར་དངུལ་རི་ལས་ལྷག

    "རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི"ཞེས་པའི་སྐྱེ་ཁམས་ཀྱི་སྦྱར་ཡིག་དང་། གྲལ་འགྲིག་ལ་རྒྱ་ཆེ་བའི་གྲོང་ཚོའི་ལམ་བུ། རིམ་པ་སྟར་ཆགས་ཀྱི་བོད་བཟོའི་ཁྱིམ་ཚང་མགྲོན་ཁང་བཅས་མིག་ལམ་དུ་རིམ་གྱིས་འཆར། ཟླ་བ་རྒྱལ་མཚན་ཁྱིམ་གྱི་རྒྱ་ཆེ་ཞིང་དཀར་ཆ་དོད་པའི་ཚོམས་ཆེན་ནང་བོད་རིགས་ཀྱི་ཁྱིམ་ཚང་ཁོ་ནར་ཡོད་པའི་འཚོ་བའི་སྤྱོད་ཆས་ཏེ་བོད་བཟོའི་ཐབ་ཅིག་བརྒྱབ་འདུག བོད་ཀྱི་ཤར་ལྷོའི་རྒྱུད་དུ་ཐབ་འདི་རིགས་ནང་མེ་ཤིང་འབུད་ནས་མེ་གཏོང་བ་དང་། བོད་ཀྱི་བྱང་རྒྱུད་དང་ནུབ་རྒྱུད་སོགས་མཐོ་གྲང་ཁུལ་དུ་ལྕི་བ་འབུད་ནས་མེ་གཏོང་གི་ཡོད་ཅིང་། དེ་ནི་ད་ཆ་བོད་ཀྱི་ནུབ་བྱང་མཐོ་གྲང་ཁུལ་གྱི་ཁྱིམ་ཚང་ཚང་མར་ཡོད་པའི་ཅ་དངོས་ཤིག་རེད།

    ཅུང་མི་འདྲ་བ་ནི་ཟླ་བ་རྒྱལ་མཚན་ཁྱིམ་གྱི་བོད་བཟོའི་ཐབ་བེད་སྤྱོད་གཏོང་མྱོང་མེད་ལ་ཐ་ན་དུ་ཁུང་ཡང་མེད། "ད་ལྟ་ཅ་ལག་དེ་ནི་སྒྲིག་གཤོམ་ཙམ་ཡིན་པ་དང་། གལ་ཏེ་དེ་མེད་ན་ཁྱིམ་དུ་ཅ་ལག་གང་ཞིག་མི་ཚང་བའི་སྣང་བ་སྟེར། འོན་ཀྱང་ད་ལྟ་ཚང་མས་སོལ་རླངས་ཐབ་ལ་བརྟེན་ནས་ཆུ་བསྐོལ་བ་དང་ཁ་ལག་བཟོ་ཡི་ཡོད་པ་དང་ལོ་མང་ཐབ་སྤྱོད་མྱོང་མེད"ཅེས་ཟླ་བ་རྒྱལ་མཚན་གྱིས་བཤད།

    ཟླ་བ་རྒྱལ་མཚན་འདི་ལོ་ལོ་38ལ་སླེབས་པ་དང་གྲོང་ཚོའི་ཏང་ཡོན་རྒན་གྲས་ཤིག་ཀྱང་རེད། ཁོང་གི་ངོས་ནས་བརྗོད་ན་རང་བྱུང་ཁམས་ཆེན་པོ་ལས་བསྡུ་ལེན་དང་བློས་གཏོང་བྱེད་པ་ནི་གཅིག་པ་ཡིན། གྲོང་ཚོས་ཐོན་ཁུངས་དང་ལྗོངས་བབ་ཀྱི་ལེགས་ཆ་དེ་འདྲ་ཉར་ཚགས་བྱས་ཀྱང་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་མེད་དོན་ནི་ཚང་མར་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་མེད་པར་ཚང་མས་རང་དོན་འབའ་ཞིག་གཉེར་བས་རེད། "སྤྱི་ཁྱབ་ཧྲུའུ་ཅིས་རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་ཅེས་གསུངས་པ་དེ་ནི་དངོས་འབྲེལ་རེད། ད་ཆ་ཤིང་གང་བྱུང་གཅོད་རྒྱུ་ལྟ་ཅི། ཐ་ན་ལྷགས་པ་བརྒྱབ་ནས་ཁམ་སྡོང་གི་ཡལ་ག་ཆག་གྲབས་ཡོད་སྐབས་ཀྱང་ཚང་མས་གཟབ་ནན་ངང་བསྡམས་ཏེ་གསོན་ཐབས་བྱེད་ཀྱི་ཡོད"ཅེས་ཟླ་བ་རྒྱལ་མཚན་གྱིས་བཤད།

    ལོ་འདི་དག་རིང་ཀ་ལ་གྲོང་ཚོར་ལྗོན་ཤིང་གང་བྱུང་དུ་གཅོད་མཁན་མེད་པ་མ་ཟད། གྲོང་མི་ཚོས་དེ་བས་རང་འགུལ་ངང་སྒོ་ར་སྔོ་འགྱུར་བྱ་སྤྱོད་སྤེལ་ཏེ་ཤིང་འཛུགས་ནགས་བཟོ་ཧུར་ཐག་བྱས་པས། ད་ཆ་ཀ་ལ་གྲོང་ཚོར་སྒོ་ར་སྔོ་འགྱུར་ཁྱོན་ཡོངས་ལ་ཁྱབ་པ་དང་མཐའ་འཁོར་གྱི་ཤིང་འཛུགས་ནགས་བཟོ་དང་སྔོ་འགྱུར་གྱི་རྒྱ་ཁྱོན་མུའུ་240ཟིན་ཡོད། "སྐྱེ་ཁམས་སྲུང་སྐྱོང་ཡག་པོ་བྱེད་པ་དང་ང་ཚོའི་རི་སྔོན་ཆུ་དྭངས་སྲུང་སྐྱོང་ཡག་པོ་བྱེད་པ་ནི་ཕ་ཚ་བུ་རྒྱུད་ལ་འགན་འཁུར་བ་ཞིག་ཡིན་ལ། ང་ཚོའི་མི་རབས་འདིའི་རང་བྱུང་གི་རྒྱུ་ནོར་དང་དཔལ་འབྱོར་གྱི་རྒྱུ་ནོར་ཞིག་ཀྱང་ཡིན། སྐྱེ་ཁམས་ཁོར་ཡུག་གི་ལེགས་ཆ་ལྡན་པས་ང་ཚོའི་གྲོང་ཚོར་ལོ་དེ་དག་ནང་འཕེལ་རྒྱས་མྱུར་པོ་བྱུང་སྟེ་འབྱོར་འབྲིང་ལམ་བུར་གོམ་སྟབས་བརྟན་པོ་སྤོ་ཐུབ་པ་དང་། སྐྱེ་ཁམས་ཁོར་ཡུག་གི་ངོས་འཛིན་ཟབ་ཏུ་ཕྱིན་པས་ང་ཚོའི་གྲོང་ཚོར་འཕེལ་རྒྱས་མྱུར་པོ་བྱུང་ཡོད། རི་སྔོན་ཆུ་དྭངས་མེད་ན་གསེར་དངུལ་རི་ཡོང་མི་སྲིད་ལ་གྲོང་གསེབ་དར་རྒྱས་ནི་དེ་བས་གླེང་ཐབས་བྲལ"ཞེས་སྤེན་པས་མྱོང་ཚོར་ཟབ་མོས་བཤད།    ( ཞིང་པའི་ཉིན་རེའི་ཚགས་པར》ལས་དྲངས)

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།