དཔྱིད་མཐའ་མའི་རང་མདངས་འཆར་ལ་ཉེ་བའི་མཚམས་སུ། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཏ་ཐུང་ཧུད་རིགས་ཧོར་རིགས་རང་སྐྱོང་རྫོང་ཏ་ཐུང་ཕ་ཕྱུགས་ར་བར་ཉི་འོད་ལམ་ལམ་དུ་འཚེར་ཞིང་། “སྐ་66”ཡིས་མགོ་བོ་དུད་དེ་གཟན་རྩྭ་ཧྲོབ་ཧྲོབ་ཏུ་ཟ་བ་དང་ཁྲང་ཀྲང་གཞོན་པ་དབྱིང་མན་ཚའེ་ཡིས་དེའི་ཟུར་དུ་བསྡད་ནས་སྤུ་ཤད་རྒྱག་བཞིན་འདུག
“སྐ་66”ནི་འབྲོང་ཞིག་ཡིན་ཞིང་། དེ་སྔ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4600ཡན་ཟིན་པའི་ཁུ་ཁུ་ཤིས་རིར་འཚོ་གནས་བྱེད་ཀྱི་ཡོད། 2006ལོར་སྐྱེས་ནས་ཟླ་ཕྱེད་མ་འཁོར་བའི་ཤ་ཤེད་སྐྱོ་ལ་གཅོང་བའི“སྐ་66”ཐང་རྒོད་དུ་ལུས། སྟབས་ལེགས་པ་ཞིག་ལ་རི་སྐོར་རྒྱག་བཞིན་པའི་བསོད་ནམས་དར་རྒྱས་སྲུང་སྐྱོང་ས་ཚིགས་ཀྱི་ལས་དོན་མི་སྣས་འབྲོང་ཕྲུག་དེ་མཐོང་བ་རེད། འོན་ཀྱང་འབྲོང་སྐྱོབ་བཅོས་ཀྱི་ཉམས་མྱོང་དབེན་པས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏང་ཡང“སྐ་66”ཚ་བ་རྒྱས་ནས་གྲོད་པ་བཤལ་བའི་ནད་ལས་སླ་པོར་བཅོས་ཐུབ་མེད།
འབྲོང་སྐྱོབ་བཅོས་ཐད་དཀའ་ངལ་འཕྲད་པ་ཤེས་རྗེས་ཏ་ཐུང་ཕ་ཕྱུགས་ར་བའི་ལག་རྩལ་པ་དབྱིང་མན་ཚའེ་ཡིས་མཚན་མོ་དེ་རང་ལ་སྤྱི་ལེ་སྟོང་ཕྲག་ལྷག་ཆོད་པའི་ཁུ་ཁུ་ཤིས་རི་ནས“སྐ་66”ཕ་ཕྱུགས་ར་བར་འཁྲིད། ཚུར་ལོག་པའི་ལམ་བར་དུ་དབྱིང་མན་ཚའེ་ཡིས་འབྲོང་ཕྲུག་དེ་པང་ཁར་བཏབ་ནས་དྲོ་ཇུས་བྱས། ཕ་ཕྱུགས་ར་བར་སླེབས་རྗེས་དབྱིང་མན་ཚའེ་ཡིས་ཕྱུགས་རིགས་སྨན་པ་བརྟག་དཔྱད་བྱེད་པར་འབོད་ནས་སྨན་བཅོས་ཀྱི་ཇུས་གཞི་བཟོས། ཁོང་ཚོས་འབྲིའི་འོ་མ་སྟེར་བ་དང་། སྨན་རྫས་དང་རིམས་འགོག་སྨན་ཁབ་རྒྱག་པ། འབྲོང་ཕྲུག་དེ་ཁྲིད་ནས་རྩྭ་རར་གློད་པ་སོགས་ཆེད་ལས་ཀྱི་སྨན་བཅོས་བྱས་པ་བརྒྱུད། འབྲོང་ཕྲུག“སྐ་66”རིམ་བཞིན་ཐང་དུ་ཕྱིན་པ་དང་དབྱིང་མན་ཚའེ་ཡང་འབྲོང་ཕྲུག“སྐ་66”གི་ཨ་མ་ལྟ་བུར་གྱུར།
“‘སྐ’ནི་ནུབ་བྱང་གི་ཡུལ་སྐད་ནང་ཆུང་ངུའི་དོན་ཡིན་ཞིང་། འབྲོང་ཕྲུག་དེ་ཕ་ཕྱུགས་ར་བར་སླེབས་སྐབས་རྒྱ་མ་20ལས་མེད་པ་དང་དེར་སླེབས་རྗེས་ཀྱི་ཨང་རྟགས་ནི་06066ཡིན་པས། ང་ཚོས་དེ་ལ‘སྐ་66’ཞེས་མིང་བཏགས་པ་ཡིན”དེ་རྗེས་ཏ་ཐུང་ཕ་ཕྱུགས་ར་བས་ཕ་ཕྱུགས་ལ་ཨང་རྟགས་བསྒར་བའི་མ་ལག་ནང་འདྲེན་བྱས་ཏེ་གློག་ཀླད་བརྒྱུད་ཨང་རྟགས་བསྐྱར་དུ་བསྒྲིགས་ནས་ཕོ་ལ་ཡ་གྲངས་དང་མོ་ལ་ཆ་གྲངས་བསྒར་ཡང་ཨང་རྟགས“སྐ་66”ད་བར་རང་འཇགས་བཞག་པ་རེད་ཅེས་དབྱིང་མན་ཚའེ་ཡིས་ངོ་སྤྲོད་བྱས།
2009ལོར་འབྲོང་ཕྲུག“སྐ་66”ལོངས་ཏེ་གཟུགས་པོའི་མཐོ་ཚད་སྨི་1.8དང་ལྗིད་ཚད་ལ་སྤྱི་རྒྱ་700ལྷག་ཙམ་ཟིན་ཡོད། དབྱིང་མན་ཚའེ་ཡི་བཀོད་སྒྲིག་འོག“སྐ་66”ཕ་སྦྱོར་བྱེད་དུ་བཅུག དུས་རབས་20པའི་ལོ་རབས་90པར་དོ་དམ་ཚགས་ཚུད་པོ་མ་བྱུང་བ་དང་། རྒྱུད་པ་ཉེ་བ་སྐྱེ་འཕེལ་བྱས་པ། ཆ་ལག་ཚང་བའི་འདེམས་གསོ་མ་བྱུང་བས། འབྲི་གཡག་གི་རྒྱུད་པ་ཞན་དུ་ཚབས་ཆེན་ཕྱིན་ཏེ་གཟུགས་སྟོབས་ཆུང་ལ་ནད་འགོག་ནུས་པ་ཞན་པ་དང་འཆི་ཚད་མང་བའི་ཁར་ཚགས་ཤའི་སྤུས་ཚད་ཀྱང་ཇེ་ཞན་དུ་སོང་ཡོད། “འབྲི་གཡག་ནི་འབྲོག་པ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་རྒྱུ་ཆ་གལ་ཆེན་ཞིག་ཡིན་པས་རྒྱུད་པ་ཇེ་ཞན་དུ་སོང་བ་དང་འཆི་བ་སོགས་ཀྱི་གནས་ཚུལ་ཐོན་ཚེ་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་ཉེན་ཁ་འཕྲད་སྲིད”ཅེས་དབྱིང་མན་ཚའེ་ཡིས་དེ་ལྟར་བརྗོད།
འབྲི་གཡག་གི་རྒྱུད་པ་ལེགས་སུ་བཏང་ནས་འབྲོག་ཁུལ་གྱི་འབྲི་གཡག་གཟུགས་སྟོབས་ཆེ་རུ་གཏོང་ཆེད། དབྱིང་མན་ཚའེ་དང་ཕ་ཕྱུགས་ར་བའི་ཚན་ཞིབ་མི་སྣས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་བཏང་སྟེ་འབྲོང་ཕ་ཕྱུགས་ར་བར་ཁྲིད་ནས་གཡུང་ལ་ཕབ་སྟེ་ཁུ་བ་ལེན་པ་དང་མི་ཐབས་ལ་བརྟེན་ནས་ཕ་སྦྱོར་བྱེད་པའི་ཐབས་ཤེས་བཙལ་ཏེ་འབྲོང་གི་རྒྱུད་པ་གཉིས་ཆ་གཅིག་ཡོད་པའི་འབྲི་གཡག་གི་ཁྱུ་རྒྱུད་སྤེལ་བྱས་པ་རེད། དེ་རྗེས་སྤུས་ལེགས་སྡེབ་སྦྱོར་དང་རྒྱུད་ཞན་འགོག་པ་སོགས་ཀྱི་ཐབས་ལ་བརྟེན་ནས་རྒྱུད་པ་བཟང་པོ་ཡོང་བ་བྱས་ཏེ་མཐོ་གྲང་གི་སྐྱེ་ཁམས་ཁོར་ཡུག་ལ་འཚམ་ཞིང་རྒྱུད་ཁྲིད་ནུས་པ་བརྟན་པའི་འབྲི་གཡག་གི་རྒྱུད་པ་གསར་པ་སྤེལ་ཡོད།
རྒྱུད་པ་ཡག་པ་དང་གཟུགས་སྟོབས་ཆེ་བས‘སྐ་66’མི་རིང་བར་ཕ་ཕྱུགས་ར་བའི“ཕ་ཕྱུགས་གཙོ་བོར”གྱུར། “ནུབ་བྱང་ས་ཆ་ཁག་གི་འབྲོག་ཁུལ་དུ‘སྐ་66’བརྒྱུད་མི་ཐབས་ཕ་སྦྱོར་བྱས་པའི་རྒྱུད་པ་མགོ་གྲངས་9000ལྷག་ཙམ་ཟིན་པ་དང་འཁྱག་གཏོང་ཁམས་དཀར་ཤེལ་དམ་ཁྲི་4ལྷག་ཙམ་བསྡུ་རུབ་ཉར་ཚགས་བྱས་ཡོད་པས་ཕ་ཕྱུགས་ར་བའི་ནང་གི‘ངལ་རྩོལ་དཔེ་བཟང་བ’ལྟ་བུ་རེད”ཅེས་དབྱིང་མན་ཚའེ་ཡིས་ངོ་སྤྲོད་བྱས།
ད་ཆ“སྐ་66”འབྲོང་རྒན་དུ་གྱུར་ཡོད། ཆུང་དུས་ནས་གསོས་པའི“ཕྲུ་གུ”དེར་ལྟ་བཞིན་དབྱིང་མན་ཚའེ་ཡིས“འདི་ལོ་སྐ་66ལ་ངལ་གསོ་ཡག་པོ་ཞིག་བཞག་སྟེ‘རྒན་ཡོལ’ཞུས་རྗེས་ཀྱི་འཚོ་བར་རོལ་དུ་འཇུག་གི་ཡིན”ཞེས་ཀུ་རེའི་ཚུལ་དུ་བརྗོད། (ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་འབྱོར་བའི་གློག་འཕྲིན)