“ང་ནི་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་མཁན་སློབ་གྲྭ་ཆེ་མོ་བ་ཞིག་ཡིན། ཆུང་དུས་ནས་ཕ་ཡུལ་ལ་དགའ་ཞེན་ཆེ་བ་དང་ཕ་ཡུལ་གྱི་རི་ཆུ་ཀླུང་གསུམ་ལ་གཞན་དང་མི་འདྲ་བའི་བརྩེ་བ་ཟབ་མོ་ཡོད། སློབ་གྲྭར་འགྲོ་སྐབས་སམ་ཡང་ན་ལས་གནས་ཐོག་སླེབས་རྗེས་གཟའ་མཇུག་འཆར་རིམ་བཞིན་ཕ་ཡུལ་དུ་ལོག་ནས་ཕ་མ་དང་མཉམ་དུ་ས་ཞིང་འདེབས་པ་དང་། སྒོ་ཕྱུགས་ལ་ལྟོ་སྟེར་བ། མེ་ཏོག་གསོ་བ་བཅས་ཁོ་ན་བྱེད་བསམ་ཀྱི་འདུག”ཅེས་ལྷུན་གྲུབ་རྫོང་གི་ལས་གཏོད་སློབ་གྲྭ་ཆེ་མོ་བ་དང་། བོད་ལྗོངས་ནང་སྨད་ཁེ་ལས་འཕེལ་རྒྱས་ཚད་ཡོད་ཀུང་སི་འཛུགས་མཁན། ལག་བསྟར་ཏུང་ཧྲི་བཅས་ཡིན་པའི་པད་འཛོམས་ཀྱིས་དེ་ལྟར་བཤད།
འདི་ལོ་ལོ་34ལ་སླེབས་པའི་པད་འཛོམས་ལྷུན་གྲུབ་རྫོང་ལྕང་ར་ཤར་ཤང་མཁར་རིལ་གྲོང་ཚོའི་ཁྱིམ་ཚང་དཀྱུས་མ་ཞིག་ཏུ་སྐྱེས། པད་འཛོམས་ཀྱི་འཚོ་བར་འཛིན་པའི་ལྟ་སྟངས་ཡང་དག་པ་མ་ཟད་རང་ཉིད་ལ་དམིགས་ཚད་བཟོ་རྒྱུར་ཡང་དགའ་པོ་ཡོད། སློབ་ཆེན་དུས་སུ་དངོས་སྦྱོང་བྱེད་རིང་རང་ཉིད་ལ་སྦྱོང་བརྡར་ཐེབས་ཆེད། སློབ་གྲྭས་བཀོད་སྒྲིག་བྱས་པའི་དངོས་སྦྱོང་དང་ལེན་མ་བྱས་པར་རང་ཉིད་ཀྱི་འབད་བརྩོན་ལ་བརྟེན་ནས་ཁྲོམ་འགྲེམས་སྨན་རྫས་ཁེ་ལས་ཤིག་ཏུ་དངོས་སྦྱོང་བྱ་རྒྱུའི་བརྩོན་ལེན་བྱས་པ་མ་ཟད། དངོས་སྦྱོང་གི་དུས་ཚོད་མ་རྫོགས་གོང་ཁེ་ལས་དེའི་ལས་བཟོ་ངོ་མར་གྱུར་པ་རེད། སྨན་རྫས་ཁེ་ལས་དེར་ལས་ཀ་བྱེད་པའི་ལོ་དྲུག་ནང་། ཁོང་གིས་ལས་གནས་6གི་ཐོག་ལས་ཀ་དང་སློབ་སྦྱོང་བྱས་པ་མ་ཟད། རེས་སྐོར་དང་པོའི་ལས་གནས་བརྗེ་རེས་དང་ཟབ་སྦྱོང་གི་མིང་ཐོག་ནས་ལྗོངས་ཕྱིར་ལས་ཀ་ལོ་གཅིག་དང་ལོ་ཕྱེད་ཙམ་བྱས་པ་དང་། དེའི་རིང་ཕྱོགས་ཁག་ལ་སྦྱོང་བརྡར་ཐེབས་ནས་བོད་ཀྱི་གསོ་བ་རིག་པའི་ཆེད་ལས་སྲ་བརྟན་དང་གསར་གཏོད་དམ་ཡང་ན་འབྲེལ་ཡོད་ཁེ་ལས་གཉེར་སྐྱོང་གི་དེང་རབས་དོ་དམ་འདུ་ཤེས་ཐད་ཉམས་མྱོང་མང་པོ་བསགས་ཡོད།
2018ལོར་སྲིད་གཞུང་གིས“དམངས་ཀྱིས་བྱ་གཞག་སྐྲུན། ཀུན་གྱིས་གསར་གཏོད་བྱེད”དར་སྤེལ་ཤུགས་ཆེན་བཏང་རིང་ཁོང་གིས“ལས་གཏོད་བྱས་ནས་ཕ་ཡུལ་ཕྱུག་འགྱུར་ལ་སྐུལ་ཁྲིད་དང་མི་གཞན་ལ་རོགས་རམ་བྱས་ནས་རང་ཉིད་ལ་གྲུབ་འབྲས་ཐོབ་པའི”ཐོག་མའི་བསམ་འདུན་བཅངས་ཏེ་ཀུང་སི་ནས་ལས་དགོངས་ཞུས་ཏེ་ཕ་ཡུལ་དུ་ལས་གཏོད་བྱེད་པར་ལོག ལས་གཏོད་བྱེད་རིང་གི་ལོ་4ཡི་དུས་ཚོད་ནང་ཁོང་གིས“ནང་སྨད་སྐྱེད་ཚལ”འབྲས་ཤིང་ཚོད་འདེབས་རྟེན་གཞི་དང་། ནང་སྨད་བོད་ལུགས་བདེ་ཐང་དངོས་ལུགས་ལུམས་ཁང་། ལྷུན་གྲུབ་རྫོང་ནང་སྨད་སྤྱི་ཚོགས་ལས་དོན་པ་དང་དང་བླངས་ཞབས་ཞུའི་མཐུན་ཚོགས། ནང་སྨད་ཀུན་ཕན་སྨན་བཅོས་ཁང་བཅས་གྲུབ་འབྲས་ཐོབ་པའི་ངང་བཏོད་ནས་ས་གནས་དེ་གའི་རྒན་རྒོན་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་བསྒྲུབས་པ་དང་འབྲེལ། ལྷ་ས་གྲོང་ཁྱེར་གྱི་ཤང་གྲོང་གི་རིམ་པ་དང་པོའི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུའི་ཚོགས་པ་ཡག་ཤོས་སུ་གྱུར།
དེ་དང་ཆབས་ཅིག་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་བདེ་ཐང་འདུ་ཤེས་ཟབ་ཏུ་གཏོང་ཆེད། ནང་སྨད་བོད་ལུགས་བདེ་ཐང་དངོས་ལུགས་ལུམས་ཁང་གིས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་འགྲོ་གྲོན་50%ཆག་ཡང་དང་རྩ་ཆག་གཏོང་བའི་རྩ་དོན་མཐའ་འཁྱོངས་བྱས་པར་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད། ནང་སྨད་ཀྱི་ལས་སྟེགས་བསྐྲུན་པ་དང་ཆབས་ཅིག་སློབ་ཆེན་སློབ་མ་12དང་། དབང་པོ་སྐྱོན་ཅན་5 ཞིང་འབྲོག་པ་21བཅས་ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ནས་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་50ལྷག་ཙམ་ལ་འབབ་འཕར་གྱི་ལས་སྟེགས་བཏོད་ཡོད། གཞན་ཡང་སྔ་རྗེས་སུ་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་500ཙམ་དང་སློབ་ཆེན་སློབ་མ་40ལྷག་ཙམ་ལ་རྩལ་ནུས་གསོ་སྦྱོང་གི་ཞབས་ཞུ་མཁོ་འདོན་བྱས།
དུས་ཐུང་ལོ་བཞིའི་རིང་གི་ལས་གཏོད་དུས་ཡུན་ནང་པད་འཛོམས་ལས་གཏོད་མི་སྣ་གསར་པ་ཞིག་ནས་ས་གནས་དེ་གའི་ལས་གཏོད་ཁྱབ་ཁོངས་ནང་གི་མི་སྣ་གྲགས་ཅན་ལ་གྱུར་ནས་ལས་རིགས་ཁག་གི་འགོ་ཁྲིད་ཀྱི་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་ཐོབ་པ་དང་། ལྷུན་གྲུབ་རྫོང་དགའ་ལྡན་ཆོས་འཁོར་གྲོང་རྡལ་བུད་མེད་མཉམ་འབྲེལ་ལྷན་ཚོཌ་ཀྱི་ཀྲུའུ་ཞི་གཞོན་པར་བསྐོ་གཞག་བྱས་པ་དང་དུས་མཚུངས། ཕྱུག་འགྱུར་སྣེ་ཁྲིད་པའི་མཚན་སྙན་ཐོབ་པ་དང་2021ལོར་ལྷུན་གྲུབ་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིར་བདམས་པ་རེད།