ཉེ་ཆར་གཞིས་རྩེ་གྲོང་ཁྱེར་གྱི་དངུལ་རྩས་གྲོང་གསེབ་དར་རྒྱས་གཏོང་བའི་དངུལ་ཁང་དང་ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་ལ་རྒྱབ་སྐྱོར་བྱེད་པའི་འབྲེལ་མཐུད་ཚོགས་འདུའི་ཐོག ཀྲུང་གོ་དངུལ་ཁང་གཞིས་རྩེ་ཡན་ལག་དངུལ་ཁང་གིས་བོད་ལྗོངས་ཕྱག་རྒྱ་ཆེན་མོ་ཀུང་སི་སོགས་ཁེ་ལས་4ལ་ས་གནས་ས་ཐོག་ཏུ་དངུལ་བུན་སྒོར་ཁྲི་2159བཏང་ནས། ཁེ་ལས་འཕེལ་རྒྱས་ལ་ཡིད་རྟོན་དངུལ་བུན་གཏོང་བའི“དུས་ཐོག་ཆར་པ”སྤབ་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་ནས་བཟུང་མི་དམངས་དངུལ་ཁང་གཞིས་རྩེ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་གི་དགོས་མཁོར་དམིགས་ནས། གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་སྒྲིག་གཞི་སྒྲིག་འཛུགས་བྱས་ཏེ་ཁྲལ་སློག་གིས་ཁེ་ལས་ལ་ཕན་འདོགས་པ་དང་། འགྲོ་གྲོན་ཉུང་གཏོང་གིས་ཁེ་ལས་ལ་ཕན་འདོགས་པ། ཡིད་རྟོན་དངུལ་བུན་གྱིས་ཁེ་ལས་ལ་རོགས་སྐྱོར་སོགས་ཀྱི་ཐད་ནས་ཤུགས་སྣོན་བརྒྱབ་སྟེ། ཁྲོམ་རའི་བྱེད་པོའི་གསོན་ཤུགས་འཕེལ་བ་བྱས་ནས་དངོས་ཚན་དཔལ་འབྱོར་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱས་པ་རེད། དུས་ཚིགས་དང་པོར་མི་དམངས་དངུལ་ཁང་གཞིས་རྩེ་ལྟེ་བའི་ཉིང་ལག་དངུལ་ཁང་གིས་དཔྱ་ཁྲལ་ཆག་ཡང་དང་ཁྲལ་སློག་གི་ལས་སྒོ་ཁག་6777བདག་སྤྲོད་བྱས་པར་ཁྱོན་སྒོར་ཁྲི་2133.17ཟིན་པ་དང་། ཁེ་ལས་ཀྱིས་སྒེར་གྱི་ཐོབ་ཁྲལ་ཚབ་འཐེན་ཚབ་འཇལ་བྱས་པའི་འགྲོ་ལུགས་གཉེར་དངུལ་སྒོར་ཁྲི་198.17སློག་པ། གནས་ཐང་འཕར་ཁྲལ་གྱི་མ་གནས་སོར་འཇོག་བྱས་ཏེ་ཁྲལ་དངུལ་སྒོར་ཁྲི་1269.84སློག་པ་རེད།
འདི་ལོ་ནས་བཟུང་གྲོང་ཁྱེར་ཡོངས་ཀྱི་དངུལ་ཁང་སྒྲིག་གཞིས་ཁེ་ལས་ཆུང་ཕྲན་གྱི་ཐོ་ཁུངས་བཟོ་བའི་འགྲོ་ལུགས་གཉེར་དངུལ་སྒོར་ཁྲི་45.35ཆག་ཡང་དང་རྩ་ཆག་བཏང་བ་དང་། ཁེ་ལས་ཀྱི་ཐོ་ཁུངས་བཟོ་བའི་ལས་ཕྱོད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཞིང་། ཐོ་ཁུངས་བཟོ་ཡུན་རིང་ཤོས་ལ་ལས་ཡུན་ཉིན་2ལས་མི་བརྒལ་བ་དང་། དངུལ་ཁང་129ཡིས་སྤྱི་པའི་ཞབས་ཞུའི་དྲ་ཚིགས་ལ་སྟབས་བདེའི་ཐོ་ཁུངས་བཟོ་བའི་བགྲོད་ལམ་བཏོད་ཡོད། དེ་དང་ཆབས་ཅིག་མི་དམངས་དངུལ་ཁང་གཞིས་རྩེ་ལྟེ་བའི་ཉིང་ལག་དངུལ་ཁང་གིས《2022ལོའི་གཞིས་རྩེ་གྲོང་ཁྱེར་གྱི་ཡིད་རྟོན་དངུལ་བུན་ལས་དོན་གྱི་མཛུབ་ཁྲིད་བསམ་འཆར》བཏོན་ནས། ཡིད་རྟོན་དངུལ་བུན་དེ་གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་སུ་གཏོང་བར་ཁྲིད་སྟོན་བྱས་ཏེ་ལས་འགོ་བསྐྱར་ཚུགས་ཀྱི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་དང་ཁེ་ལས་ཀྱི་ཡིད་རྟོན་དངུལ་བུན་གྱི་མ་དངུལ་བསྡུ་སྒྲིལ་དགོས་མཁོའི་གསལ་ཐོ་ལེགས་སྒྲིག་དང་ཡོངས་བསྒྲགས་བྱས་ཐོག ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་གནད་ལ་འཁེལ་ཚད་ཆེ་རུ་བཏང་བ་རེད།