དབུ་ཤོག>ཞིང་འབྲོག་གསར་པ།
  • འཚོ་བ་ཉིན་བཞིན་བདེ་སྐྱིད་ལྡན་པར་འགྱུར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-29

    ཀན་ཞའོ་ཕིང་བོད་དུ་འཚོ་བ་བསྐྱལ་ནས་ལོ་37སོང་ཞིང་། ཁོང་གིས་བོད་སྐད་ཡག་པོ་ཤོད་ཐུབ་ལ་བོད་རིགས་བཟའ་ཟླ་ཕུར་བུ་སྒྲོལ་མར་བརྩེ་དུང་ཟབ་མོ་ལྡན། རྒྱུན་ལྡན་འཚོ་བའི་ཁྲོད་ཁོང་ཚོས་ཕན་ཚུན་གྱི་འཚོ་བའི་གོམས་སྲོལ་ལ་བརྩི་འཇོག་བྱས་ནས་རང་ཉིད་ཀྱི་ཁྱིམ་ཚང་ཆུང་ཆུང་གི་འཆམ་མཐུན་དང་མཐུན་སྒྲིལ་ལ་སྲུང་སྐྱོང་བྱས་ཏེ་མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་སྲུང་སྐྱོང་བྱེད་ཀྱི་ཡོད།

    སི་ཁྲོན་ནས་ཡིན་པའི་ཀན་ཞའོ་ཕིང་ད་བར་ལྷ་སར་ལས་ཀ་བྱས་ནས་བསྡད་པ་དང་ཕྱིས་སུ་གྲོགས་པོའི་ངོ་སྤྲོད་འོག་ད་ལྟའི་བཟའ་ཟླ་ཕུར་བུ་སྒྲོལ་མ་དང་ངོ་ཤེས། ཁོང་ཚོས་སྐད་བརྡ་མི་འཕྲོད་པ་དང་འཚོ་བའི་གོམས་གཤིས་མི་འདྲ་བ་ཁྱད་དུ་བསད་དེ་མི་ཚང་མས་བསྔགས་བརྗོད་བྱེད་པའི་བོད་རྒྱ་མི་རིགས་ཀྱི་ཁྱིམ་ཚང་ཞིག་བཙུགས་ནས་ཕན་ཚུན་བརྩེ་བ་ཟབ་མོས་བདེ་སྐྱིད་ལྡན་པའི་ཁྱིམ་ཚང་བསྐྱངས།

    “ང་བོད་དུ་སླེབས་ནས་ལོ་37སོང་བ་དང་འདི་གར་གཉེན་སྒྲིག་བྱས་ཏེ་ཕྲུ་གུའང་བྱུང་བས་ཧ་ཅང་དགའ་པོ་འདུག ངའི་བཟའ་ཟླ་མི་བཟང་པོ་ཞིག་ཡོད་ལ་གཤིས་ཀའང་ཡག་པོ་ཡོད། ང་གཉིས་མཉམ་དུ་ཕ་ཡུལ་ལ་ལོག་སྐབས་ང་ཚོའི་གྲོང་ཚོའི་མི་ཚང་མས་ཁོང་ལ་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད། ངའི་བཟའ་ཟླ་དང་ངའི་ཕ་མའི་དབར་གྱི་འབྲེལ་བ་ཧ་ཅང་ཡག་པོ་ཡོད། ངའི་ཨ་མ་ན་སྐབས་ནད་གཡོག་ཚང་མ་ཁོང་གིས་རྒྱུག་པ་རེད”ཅེས་ཀན་ཞའོ་ཕིང་གིས་གསར་འགོད་པར་བཤད།

    “ང་གཉིས་ནི་2002ལོར་གཉེན་སྒྲིག་བྱས་པ་དང་ད་བར་ལོ་20སོང་། ཕྲུ་གུ་གསུམ་ཀ་ཁ་ལ་ཉན་པོ་ཡོད་པས་ང་ཚོའི་ཁྱིམ་ཚང་ཡང་འཆམ་པོ་ཡོད། ངའི་བཟའ་ཟླས་ང་དང་རྒན་རྒོན་ལ་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད་ལ་བསྙེན་བཀུར་ཡང་བྱེད་ཀྱི་ཡོད། ཏང་གི་སྲིད་ཇུས་བཟང་པོའི་འོག་ད་ཆ་ང་ཚོ་ཁང་པ་གསར་པའི་ནང་སྤོ་རྒྱུ་བྱུང་ལ་འཚོ་བའང་ཧ་ཅང་སྐྱིད་པོ་འདུག”ཅེས་ཕུར་བུ་སྒྲོལ་མས་བདེ་སྐྱིད་ལྡན་པའི་ངང་བཤད།

    ཀན་ཞའོ་ཕིང་ནི་བོད་སྐད་ཡག་པོ་ཤོད་ཐུབ་ལ་སེམས་རྩ་འཁོལ་བའི་མི་ཞིག་ཀྱང་ཡིན་པས། གཞན་དང་འབྲེལ་འདྲིས་བྱེད་སྐབས་ལོ་ཆེ་ཆུང་ལ་མ་བལྟོས་པར་ཚང་མ་དང་འཆམ་པོ་ཡོད།

    “ཀན་ཞའོ་ཕིང་གཞན་ལ་རོགས་རམ་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད། ང་ལྷ་སར་སླེབས་ནས་ཡུན་རིང་མ་སོང་བར་ཁོང་གི་ཁང་པ་གཡར་ཏེ་སྒོ་རྩིས་ཚོང་ཁང་ཞིག་བཙུགས་པ་ཡིན། ལག་ཁྱེར་གཉེར་སྐབས་ཁོང་གིས་ང་ལ་རོགས་རམ་མང་པོ་བྱས་བྱུང་ལ། འཚོ་བའི་ཐད་དཀའ་ངལ་གང་འཕྲད་ཀྱང་ཁོང་གིས་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་ཀྱི་འདུག”ཅེས་སེར་མའི་ཉི་འོད་སྡེ་ཁུལ་གྱི་སྒོ་རྩིས་ཚོང་ཁང་ཞིག་གི་སྦྱིན་བདག་ཀྲུང་ཧུའེ་ཧུའུ་ཡིས་ཁོང་ལ་བསྔགས་བརྗོད་དེ་ལྟར་བྱས།

    སྔོན་ཆད་མ་བྱན་དང་། བཟོ་པ། ཞིང་པ་བཅས་བྱེད་མྱོང་བ་ནས་ཕྱིས་སུ་ས་གནས་དེ་གའི་སྲིད་གཞུང་གི་རོགས་རམ་འོག་མཛོད་ཉར་ལས་ལ་གཞོལ་བའི་ཀན་ཞའོ་ཕིང་རིམ་བཞིན་སྐད་གྲགས་ཆོད་ནས་ཚོང་ཇེ་ཡག་ཏུ་ཕྱིན་པ་མ་ཟད། འཚོ་བ་ཡང་ཇེ་ལེགས་སུ་སོང་ཡོད། ཁོང་གི་གདོང་ལས་བདེ་སྐྱིད་ལྡན་པའི་འཛུམ་མདངས་འཕྱུར་བཞིན་གྲུབ་འབྲས་དེ་དག་ནི་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོར་བརྟེན་ནས་བྱུང་བ་ཞིག་རེད་ལ་རང་ཉིད་ཀྱི་བཟའ་ཟླའི་རྒྱབ་སྐྱོར་དང་ཡང་ཁ་འབྲལ་ཐབས་མེད། དཀའ་ངལ་གང་ཞིག་འཕྲད་རུང་བཟའ་ཟླས་རྒྱབ་སྐྱོར་ཆེན་པོ་བྱེད་ཀྱི་ཡོད་ཅེས་བཤད།

    ཁོང་བཟའ་ཚོ་གཉིས་ད་དུང་སྤྱི་ཕན་བྱ་གཞག་ལ་གཞོལ་རྒྱུར་དགའ་པོ་ཡོད་པས། རྟག་ཏུ་དབུལ་སྐྱོར་དཀའ་སེལ་བྱས་ནས་ཡུལ་མི་ཚོར་བྱ་བ་དངོས་སྒྲུབ་ཀྱི་ཡོད། ཀན་ཞའོ་ཕིང་གིས“སྲིད་གཞུང་གི་རོགས་རམ་འོག་ད་ཆ་ཀུང་སི་འཕེལ་རྒྱས་ཡག་པོ་བྱུང་ཡོད་སྟབས། ངས་ཀྱང་སྤྱི་ཚོགས་ལ་དྲིན་ལན་འཇལ་ནས་རོགས་རམ་བྱེད་དགོས་སར་རོགས་རམ་བྱེད་ཀྱི་ཡོད། ངས་ད་དུང་དགེ་སྒྲུབ་བྱེད་སྒོ་ཁག་གཅིག་ནང་ཞུགས་ནས་དངུལ་དང་གྱོན་གོས་ཞལ་འདེབས་བརྒྱབ་པ་མ་ཟད། སློབ་ཕྲུག་ཚོར་སློབ་སྦྱོང་གི་མཁོ་ཆས་ཀྱང་ཉོ་རོགས་བྱེད་ཀྱི་ཡོད། ཀུང་སིས་ལོ་ལྟར་ཁེ་སྤོགས་བགོ་ཡི་ཡོད་པས་ལས་བཟོ་མང་པོའི་ཁས་ལེན་ཐོབ་བྱུང”ཞེས་བཤད།

    ཀན་ཞའོ་ཕིང་བཟའ་ཚོའི་ཁྱིམ་ཚང་འཆམ་མཐུན་དང་བདེ་སྐྱིད་ལྡན་ལ། ཁོང་གཉིས་ཕན་ཚུན་རྒན་བཀུར་གཞོན་གཅེས་དང་། མཐུན་སྒྲིལ་རོགས་རེས། གྲོང་པ་ཁྱིམ་མཚེས་དབར་འཆམ་མཐུན་ཆེ་བ་བཅས་ཡོད། ཁོང་ཚོའི་རྒྱུན་མཐུད་འབད་བརྩོན་འོག་སྔ་རྗེས་སུ་གྲོང་ཁྱེར་རིམ་པ་དང་རྫོང་རིམ་པའི“ཤེས་དཔལ་ཁྱིམ་ཚང”དང“མི་རིགས་མཐུན་སྒྲིལ་གྱི་ཁྱིམ་ཚང”“ཁྱིམ་ཚང་ཡག་ཤོས”སོགས་ཀྱི་མཚན་སྙན་ཐོབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།