ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་སྐྱོད་བྱེད་པ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“མི་རིགས་བསྐྱར་དར་ཡོང་བ་བྱེད་དགོས་ན་གྲོང་གསེབ་ངེས་པར་དུ་དར་རྒྱས་གཏོང་དགོས”“རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས‘ཞིང་གསུམ’ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་པོའི་མཛད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱས་ནས། ཞིང་ལས་དང་གྲོང་གསེབ་སྔོན་ལ་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུ་འགྱུར་མགྱོགས་སུ་བཏང་སྟེ། རྒྱ་ཆེའི་ཞིང་པའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་གཏོང་དགོས”ཞེས་བསྟན་གནང་བ་རེད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས“ཞིང་གསུམ”གནད་དོན་ཐག་གཅོད་ཡག་པོ་བྱ་རྒྱུ་དེ་ཏང་ཡོངས་ཀྱི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས། མིའི་རིགས་ཀྱི་ལོ་རྒྱུས་ཐོག་གཞི་ཁྱོན་སྔར་ན་མེད་པ་དང་། ཤུགས་ཚད་ཆེ་ཤོས། ཕན་པ་ཐོབ་མཁན་མང་ཤོས་བཅས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་སྒྲིག་འཛུགས་ལག་བསྟར་བྱས་པ་དང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་འགོ་བཙུགས་ཏེ། ཞིང་ལས་དང་གྲོང་གསེབ་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་བརྟན་པོའི་ངང་ཆེ་རུ་སོང་ཞིང་། འབྲུ་རིགས་ཐོན་སྐྱེད་ནུས་པ་རྒྱ་མ་དུང་ཕྱུར་ཁྲི་1.3གྱི་རིམ་པའི་ཐོག་བསྟུད་མར་བརྟན་པོའི་ངང་གནས་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ཐོབ་པ། རྒྱལ་ཡོངས་ཀྱི་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལྡབ་གཅིག་ལྷག་ཙམ་འཕར་བ། གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་བཅས་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་ཕྱོགས་སུ་གོམ་ཞེང་ཆེན་པོས་མདུན་སྐྱོད་བྱས་ཡོད།
ཧྲན་ཏུང་ཞིང་ཆེན་ཅ་ཞང་རྫོང་གི་ཚད་གཞི་མཐོ་བའི་ཞིང་ནང་དུ་འབྲུ་འདེབས་དུད་ཆེན་དབྱང་ཁྲེང་ཏུང་གིས་མཐེབ་མནོན་མནན་མ་ཐག་ཆུ་གཏོར་སྒྲིག་ཆས་རང་འགུལ་ངང་འཁོར་སྐྱོད་བྱས་ནས་གྲོ་ལྗང་ལ་ཆུ་གཏོར་གྱི་ཡོད། ཁོང་གིས“ཚན་རྩལ་གྱི་གཞོགས་འདེགས་ཡོད་པས་ས་ཞིང་འདེབས་སླ་རུ་ཕྱིན་པ་དང་ཕན་འབྲས་ཀྱང་ལེགས་སུ་ཕྱིན་ཏེ། ས་ཞིང་མུའུ་རེར་ལོ་རེར་མ་དངུལ་གྲོན་ཆུང་ཐུབ་ནས་འབབ་འཕར་སྒོར་300ཡོང་གི་ཡོད”ཅེས་བཤད་པ་རེད།
ཨན་ཧུའེ་ཞིང་ཆེན་མོང་ཁྲེང་རྫོང་ལི་པ་གྲོང་རྡལ་སུང་ཞུས་གྲོང་ཚོར་ཞིང་པ་སུང་ཞའོ་ལི་ཡིས“དྲ་ཐོག་རེ་ཞུ་བྱེད་པ་དང་ཚབ་སྒྲུབ་བྱེད་མཁན་ཡོད་པས་ཕྱིར་འགྲོ་མི་དགོས་པར་དབང་པོ་སྐྱོན་ཅན་གྱི་ལག་ཁྱེར་གཉེར་ཐུབ་བྱུང་བས་གྲངས་འཛིན་གྲོང་གསེབ་དངོས་གནས་ཡག་པོ་འདུག”ཅེས་བཤད། མོང་ཁྲེང་རྫོང་གི་སྲིད་དོན་ཞབས་ཞུའི་དོན་དག་ཁྲི་2.3ལྷག་ཙམ་ཚང་མ་དྲ་ཐོག་ནས་བསྒྲུབས་ཏེ་ཞིང་པར“དོན་ཆུང་གྲོང་ཚོ་ནས་སྒྲུབ་ཐུབ་པ་དང་དཀའ་གནད་འཕྲད་ཚེ་རོགས་རམ་བྱེད་མཁན་ཡོད་པ”རེད།
ཀྲུང་ཧྭ་ས་གཞི་ཆེ་མོར་ཐོན་ལས་དར་ཞིང་གྲོང་གསེབ་མཛེས་པ་དང་ཞིང་པ་ཕྱུག་འགྱུར་གྱི་བརྗིད་ཆེའི་རི་མོ་མང་པོ་ཞིག་ཟམ་མི་ཆད་པར་མངོན་བཞིན་ཡོད།
— ཚན་རྩལ་འགུལ་ནུས་ཆེ་བ་དང་སྤུས་ཚད་དང་ཕན་འབྲས་གོང་མཐོར་སོང་ནས་ཞིང་ལས་དེ་ཉིད་མདུན་ལམ་ཆེན་པོ་ལྡན་པའི་ཐོན་ལས་ཤིག་ཏུ་གྱུར་ཡོད།
“དེང་རབས་ཀྱི་ཞིང་ལས་ནི་ཕན་འབྲས་ཆེ་བའི་ཞིང་ལས་ཡིན་ངེས་པས། ཆུ་འབྲས་འདེབས་པར་སྔར་བཞིན་མདུན་ལམ་ཡོད” ལོ་5ཡི་གོང་ཅང་ཤིས་ཞིང་ཆེན་ཀའོ་ཨན་གྲོང་ཁྱེར་ཧྲི་ནའོ་གྲོང་རྡལ་གྱི་ཕ་ཡུལ་དུ་ཕྱིར་ལོག་པའི་ན་གཞོན་ཏིང་ཏན་ལིང་གིས་མཉམ་ལས་ཁང་གཉེར་བ་དང་ཀུང་སི་བཙུགས་ནས་ལོ་ཁ་ཤས་འཕེལ་རྒྱས་བཏང་བ་བརྒྱུད། མུའུ་ཁྲི་1གི་ཆུ་འབྲས་ཐོན་སྐྱེད་ཀྱི་བརྒྱུད་རིམ་ཧྲིལ་པོ་འཕྲུལ་ཆས་ཅན་མངོན་འགྱུར་བྱུང་བ་དང་། སེ་འདུས་ཆུ་འབྲས་དང་སྐྱེ་ལྡན་ཆུ་འབྲས་བཏབ་པ་དང་། ཆུ་འབྲས་དང་སྔོ་ཚལ་རེས་མོས་ཀྱིས་འདེབས་པ་དང་ཞ་སྨི་དང་ཆུ་འབྲས་མཉམ་དུ་འདེབས་གསོ་འཕེལ་རྒྱས་བཏང་བས་ཕན་འབྲས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད་པ་རེད།
ཡངས་ཤིང་རྒྱ་ཆེ་བའི་ས་ཞིང་ལས་ཡུལ་མི་དེ་བས་མང་བར་ཐོན་འབབ་ཡག་པོ་བྱུང་ཡོད། ཁོད་སྙོམས་པའི་ས་ཞིང་ཐོག་བྱང་སྐར་ཕྱོགས་སྟོན་སྤྱོད་པ་དང་སྨན་གཏོར་བ་དང་ལུད་རྒྱག་པར་མི་མེད་གནམ་གྲུ་སྤྱོད་ཀྱི་ཡོད། མིག་སྔར་རང་རྒྱལ་གྱི་ཞིང་ལས་སྐྱེ་དངོས་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་72%ཟིན་པ་དང་། ཞིང་ལས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་61%ལས་བརྒལ་ནས་ཞིང་ལས་ཐོན་སྐྱེད་ལ་རྫོགས་མེད་ཀྱི་སྒུལ་ཤུགས་བསྣན་ཡོད། གྲོང་གསེབ་ཀྱི་ཐོན་ལས་འཁོར་འབྲེལ་གཏིང་ཟབ་ཕྱོགས་སུ་སྣུར་སྲིང་བྱས་པ་དང་ནུས་པ་རྒྱ་སྐྱེད་བཏང་བར། ན་ནིང་རྒྱལ་ཡོངས་ཀྱི་ཞིང་ལས་ཐོན་རྫས་ཀྱི་ལས་སྣོན་ཐོན་སྐྱེད་རིན་ཐང་དང་ཞིང་ལས་ཀྱི་སྤྱིའི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་བསྡུར་གྲངས་2.48:1བར་མཐོ་རུ་སོང་ཞིང་། རྒྱལ་ཡོངས་སུ་ཕ་ཡུལ་དུ་ལོག་ནས་གསར་གཏོད་ལས་གཏོད་བྱེད་མཁན་ཁྲི་1120ཟིན་ཡོད་པ་རེད།
— རྨང་གཞིའི་སྒྲིག་བཀོད་སྟོབས་ཆེར་ཕྱིན་པ་དང་སྤྱི་པའི་ཞབས་ཞུ་ལེགས་སུ་ཕྱིན་ནས་གྲོང་གསེབ་འདི་ཉིད་ཞིང་པ་རྣམས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་སའི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་གྱུར་ཡོད།
ཀོང་ཏུང་ཞིང་ཆེན་ཁྲའོ་ཀྲོའུ་གྲོང་ཁྱེར་ཁྲའོ་ཨན་ཆུས་ཀུའེ་ཧུའུ་གྲོང་རྡལ་ཧྲི་ཧྥུང་གྲོང་ཚོའི་ཞིང་རའི་མཛེས་ལྗོངས་ཀྱིས་མི་རྣམས་ཀྱི་ཡིད་དབང་རབ་ཏུ་འཕྲོག་གི་ཡོད། “ལོ་དེ་དག་ནང་གྲོང་ཚོར་ཨར་འདམ་ལམ་བཏིང་བ་དང་། སྡོད་ཁང་མཛེས་པ། གྲོང་ཚོ་སྔོ་འགྱུར། ཆུ་དྭངས་གཙང་བཅས་དང་འདམ་རྡོའི་ལམ་དེ་མཛེས་ལྗོངས་ལམ་དུ་གྱུར་བ་དང་རྫབ་ཡུར་དེ་ཆུ་གཙང་སྤྱི་གླིང་དུ་སྒྱུར་བཀོད་བྱས་པས་ཡུལ་མི་ཚོ་མེ་ཏོག་ལྡུམ་རའི་ནང་སྡོད་པ་དང་འདྲ་པོ་ཡོད”ཅེས་ཧྲི་ཧྥུང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལི་ཐུང་ཝུའེ་ཡིས་སྤོབས་སེམས་ཆེན་པོས་ངོ་སྤྲོད་བྱས།
“ཁྱིམ་གྱི་སྒོ་འགྲམ་དུ་ནད་ལྟ་ཐུབ་པས་སྟབས་ཇེ་བདེར་འགྲོ་གི་འདུག”ཧྲའན་ཤིས་ཞིང་ཆེན་ཉིང་ཆང་རྫོང་ཡན་ཙེ་པེན་གྲོང་རྡལ་ཏའོ་དབན་གྲོང་ཚོའི་གྲོང་མི་སུང་ཤིང་ཧྥ་ཡིས་གྲོང་ཚོའི་འཕྲོད་བསྟེན་ཁང་གིས་རྫོང་སྨན་ཁང་དང་ཤང་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས། ལག་རྩལ་མཁས་པའི་སྨན་པ་ཕན་ཚུན་འབྲེལ་མཐུད་དང་མཉམ་སྤྱོད་བྱེད་ཀྱི་ཡོད་པས་ཡུལ་མི་ཚོ་ནད་ལྟ་བར་སེམས་ཁྲལ་མེད་ཅེས་བཤད།
སྡོད་མལ་དང་ལས་གཉེར་ལ་འཚམ་པའི་གྲོང་ཚོ་ཚང་མ་རྒྱ་ཆེའི་ཞིང་པ་ཚོའི་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སུ་གྱུར་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་ཆ་རྐྱེན་འཛོམས་པའི་སྒྲིག་ཚུད་གྲོང་ཚོ་100%ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་ཆུ་ཀ་ལ་ཁྲིད་ཚད་84%ཟིན་ཡོད། སྤུས་ལེགས་ཀྱི་སྤྱི་པའི་ཞབས་ཞུའི་ཐོན་ཁུངས་གྲོང་གསེབ་ཏུ་རྒྱུན་ཆད་མེད་པར་སྣུར་སྲིང་དང་རྒྱ་སྐྱེད་དང་། སྤུས་ལེགས་ཀྱི་སྨན་བཅོས་ཐོན་ཁུངས་རྒྱུན་ཆད་མེད་པར་གཞི་རིམ་ལ་ཕྱོགས་པ། འོས་འགན་སློབ་གསོ་གཞི་རྩའི་ཆ་ནས་དོ་སྙོམས་བྱུང་ཡོད་པ་རེད།
— ཡོང་འབབ་མང་ལ་རིག་གནས་ཕུན་སུམ་ཚོགས་པས་རྒྱ་ཆེའི་ཞིང་པ་ཚོའི་འཚོ་བ་རྒྱུན་ཆད་མེད་པར་ལེགས་སུ་ཕྱིན་པ།
ཀྲེ་ཅང་ཞིང་ཆེན་ཧྲའོ་ཤིང་གྲོང་ཁྱེར་ཁོ་ཆའོ་ཆུས་ཐང་ཏི་གྲོང་ཚོ་ནི་མེ་ཏོག་གི་ཞིང་ཁམས་ལྟ་བུ་ཞིག་ཡིན། གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ལིའུ་ཅན་མིང་གིས། “ཀུང་སི﹢མཉམ་ལས་ཁང﹢རྟེན་གཞི﹢ཞིང་དུད”བཅས་ཀྱི་འཕེལ་རྒྱས་གཏོང་སྟངས་བརྒྱུད་ང་ཚོའི་གྲོང་ཚོ་འདི་ཉིད་རིག་གནས་རྒྱུན་འཛིན་དང་མེ་ཏོག་དང་རྩི་ཤིང་གི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དང་ཟུང་འབྲེལ་ནུས་ལྡན་ཐུབ་པའི་ལམ་བུ་ཞིག་ཏུ་བསྐྱོད་ཐུབ་ནས། ན་ནིང་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་11ཟིན་ཡོད་ཅེས་ངོ་སྤྲོད་བྱས་པ་དང་། གྲོང་མི་ཆན་ཡིའུ་ཧྥུའུ་ཡིས“ཡོང་འབབ་ལོ་ལྟར་འཕར་ནས་འཚོ་བ་སྦྲང་རྩི་བཞིན་མངར་ཞིང་སྐྱིད་སྣང་དོད་པར་གྱུར་ཡོད”ཅེས་བཤད་པ་རེད།
ཐོན་ལས་དར་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་བཏང་བས། དམངས་ཕྱུག་ཐོན་ལས་ཚང་མ་དར་རྒྱས་བྱུང་ནས་ཡུལ་མི་སྤུན་ཟླ་ཚོའི་འཚོ་བ་སྔར་བས་བདེ་སྐྱིད་དང་ལྡན་པར་གྱུར། གྲངས་གཞི་ལས་མངོན་པར་གཞིགས་ན། རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2012ལོའི་སྒོར་7917ནས་2021ལོའི་སྒོར་18931བར་མང་དུ་ཕྱིན་ཡོད། མིག་སྔར་རྒྱལ་ཡོངས་ཀྱི་གྲོང་ཚོ་95%ཡན་གྱིས་གཙང་སེལ་བྱ་སྤྱོད་སྤེལ་ནས་རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་གཅིག་མཐུན་འདུས་གྲུབ་4000ལྷག་བཙུགས་པས། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་ཡུལ་མི་སྤུན་ཟླ་ཚོའི་རེ་འདོད་རྒྱུན་ཆད་མེད་པར་མངོན་འགྱུར་བྱུང་བ་རེད།
ཞིང་པའི་འཚོ་བ་འབེལ་འབེལ་ལྷུག་ལྷུག་ཡོང་བར་ཡོང་འབབ་མང་པོ་ཡོད་དགོས་ལ་བསམ་བློའི་ཆུ་ཚད་ཀྱང་མཐོ་པོ་ཡོད་དགོས། ནང་སོག་རང་སྐྱོང་ལྗོངས་ཧང་ཅིན་ཆི་ཅི་རི་ཀཱ་ལང་ཐུའུ་གྲོང་རྡལ་ཀོང་ཆན་གྲོང་ཚོའི་གྲོང་མི་ལིའུ་ཅིན་ཆིའི་ཁྱིམ་གྱི་སྒོ་ཁར་བཀལ་བའི“སྐར་མ་བཅུ་རིམ་པའི་ཤེས་དཔལ་དུད་ཚང”སྒོ་བན་མངོན་གསལ་དོད་པོ་ཡོད། “‘སྐར་མ་རིམ་པའི་ཤེས་དཔལ་དུད་ཚང’དང‘སྒྱུག་མོ་དང་མནའ་མ་བཟང་པོ’སོགས་དཔྱད་འདེམས་བྱས་པ་བརྒྱུད། ཡུལ་མི་སྤུན་ཟླ་སྔར་བས་མང་པོར་ཁོར་ཡུག་ལེཌ་བཅོས་དང་། རྒན་བཀུར་གཉེན་བྱམས། མཛའ་མཐུན་མཉམ་གནས་བཅས་བྱེད་པའི་གོམས་གཤིས་བཟང་པོ་འཇགས་ཡོད”ཅེས་ཧང་ཅིན་ཆིའི་གྲོང་གསེབ་དར་རྒྱས་ཅུས་ཀྱི་ཅུས་ཀྲང་ཀྲང་ཡུང་ལེང་གིས་བཤད།
གང་སར་ཡ་རབས་ཀྱི་གོམས་སྲོལ་འཇགས་ནས་མིག་སྔར་རྒྱལ་ཡོངས་སུ་གྲོང་ཚོ་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་རིག་གནས་ཞབས་ཞུའི་ལྟེ་གནས་ཁྲི་57.5བཙུཌ་པ་དང་། སྲིད་འཛིན་གྲོང་ཚོ་ཚང་མར་ཞིང་ཁྱིམ་དེབ་ཁང་དང་། གློག་རྡུལ་ལྟ་ཀློག་ཁང་། རིག་གནས་བྱེད་སྒོ་ཁང་བཅས་བསྐྲུན་ནས་གྲོང་གསེབ་ཤེས་དཔལ་ལྡན་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་མངོན་གྱི་ཡོད།
གྲོང་གསེབ་དར་རྒྱས་གཏོང་བའི་འགག་རྩ་མི་དང་ལས་སྒྲུབ་ལ་ཐུག་ཡོད། ཞིང་པ་དུང་ཕྱུར་མང་པོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྐྲུན་པའི་རྒྱང་སྐྱོད་ལམ་བུ་གསར་པར་བསྐྱོད་དེ་ཕུ་ཐུང་བརྫེས་ནས་ངར་ཤུགས་བསྒྲིམས་ཏེ་གོམ་ཞེང་ཆེན་པོས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་གསར་པའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
འགན་འཁུར་རྩོམ་སྒྲིག་པ། 次旦多吉
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣