
འདི་ནི་འབྲི་གུང་སྣམ་ཞྭའི་རྒྱུན་འཛིན་པ་དཀོན་མཆོག་རིན་ཆེན་ཡིན་པ།

འདི་ནི་རྒད་མོ་རྒྱ་སས་འབྲི་གུང་སྣམ་ཞྭ་འཚེམ་བཞིན་པ།

འདི་ནི་དཀོན་མཆོག་རིན་ཆེན་གྱི་བུ་ཐུབ་བསྟན་དངོས་གྲུབ་ཀྱིས་འབྲི་གུང་སྣམ་ཞྭ་འཚེམ་བཞིན་པ།

འདི་ནི་བགྲེས་སོང་དཀོན་མཆོག་ཆོས་འཕེལ་གྱིས་འབྲི་གུང་སྣམ་ཞྭ་འཚེམ་བཞིན་པ།

འདི་ནི་དཀོན་མཆོག་རིན་ཆེན(གཡས)དང་གཅེན་པོ་བསོད་ནམས་དོན་གྲུབ(གཡོན)ཀྱིས་འབྲི་གུང་སྣམ་ཞྭའི་སྤུས་ཀར་བརྟག་དཔྱད་བྱེད་བཞིན་པ།

འདི་ནི་མལ་གྲོ་གུང་དཀར་རྫོང་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་ཤིག་ཡིན་པའི་འབྲི་གུང་སྣམ་ཞྭ་ཡིན་པ།
ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་མལ་གྲོ་གུང་དཀར་རྫོང་འབྲི་གུང་མཐིལ་ཉི་མ་ལྕང་རྭ་ཤང་ཡངས་རི་སྒང་གྲོང་ཚོས་ཐུན་མིན་གྱི་མི་རིགས་རིག་གནས་ཐོན་ཁུངས་ཟམ་མི་ཆད་པར་སྔོག་འདོན་བྱས་ཏེ་རིག་གནས་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་ཏུ་སྐྱོད་འགོ་ཚུགས། སྣམ་ཞྭ་སྲོལ་རྒྱུན་ཁབ་བསླས་ལས་སྣོན་ཆེད་ལས་མཉམ་ལས་ཁང་ནི་དེའི་གྲས་ཀྱི་དཔེ་མཚོན་ཞིག་རེད།
བཟོ་ཁང་དུ་ལོ་74ལ་སླེབས་པའི་བགྲེས་སོང་དཀོན་མཆོག་ཆོས་འཕེལ་འཁོར་འཚེམ་མདུན་དུ་ལས་ལ་བྲེལ་བཞིན་འདུག ཁོང་གི་འགྲམ་དུ་བཞག་པའི་ཇེམ་ཙེ་རྙིང་པ་ལས་ང་ཚོར་ལོ་ཟླའི་འཕོ་འགྱུར་བརྗོད་པ་ལྟར་སྣང་། ལོ་68ལ་སླེབས་པའི་བཟའ་ཟླ་རྒྱ་ས་ཡང་གྱོན་གོས་འཚེམ་བཞིན་ཡོད་པ་རེད། དཀོན་མཆོག་ཆོས་འཕེལ་ནི་ས་གནས་དེ་གའི་སྣམ་བུའི་ལག་རྩལ་གྱི་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན་པ་དང་། ལོ་བཅུ་ལྷག་ཙམ་ནས་འཚེམ་བཟོ་སྦྱོང་འགོ་ཚུགས། བྱིས་དུས་ཀྱི་དྲན་འཆར་ནང་ཁོང་རྟག་ཏུ་ཁབ་སྐུད་རྩེད་མོ་བརྩེས་ནས་འཚར་ལོངས་བྱུང་ཡོད། ཐག་རིང་ནས་མནའ་མར་ཡོང་བའི་རྒྱ་ས་ཡང་དཀོན་མཆོག་ཆོས་འཕེལ་དང་འཚོ་བ་སྐྱེལ་རིང་འཚེམ་བཟོ་སྦྱངས། དེ་རྗེས་བཟའ་ཚོ་གཉིས་ཀྱིས་ལག་རྩལ་དེ་བུ་བསོད་ནམས་དོན་གྲུབ་དང་། དཀོན་མཆོག་རིན་ཆེན། དེ་བཞིན་མནའ་མ་བསམ་གཏན་ལ་བསླབས་པ་རེད།
དེ་གོང་མེས་པོའི་རྒྱུན་བསྐྱངས་པའི་རྩལ་ནུས་དེས་དཀོན་མཆོག་ཆོས་འཕེལ་ཁྱིམ་ལ་ཡོང་འབབ་མང་པོ་དེ་ཙམ་གསོག་ཐུབ་མེད། གལ་སྲིད་ཉེ་འགྲམ་གྱི་གྲོང་མིར་གྱོན་གོས་དང་ཞྭ་མོའམ་ཡང་ན་འཇུར་རྟ་ཡུ་རིང་འཚེམ་དགོས་ན་རྒྱུ་ཆ་གྲ་སྒྲིག་ཟིན་རྗེས་འཚེམ་བཟོ་བ་ཁྱིམ་དུ་གྱོན་གོས་འཚེམ་པར་འབོད་ནས་ཁ་ལག་སྟེར་ན་འགྲིག་པའམ། ཡང་ན་འཚེམ་བཟོ་བའི་ཁང་པ་གསར་རྒྱག་བྱེད་སྐབས་ཉིན་གླ་སྤྲོད་མི་དགོས་པར་ལག་སྤོད་སློག་ན་འགྲིག་གི་ཡོད། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་དང་དེ་བཞིན་རིམ་ཁག་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་བསོད་ནམས་དོན་གྲུབ་ཀྱི་ནང་མིས་ཚོང་གི་གོ་སྐབས་མཐོང་ནས་མལ་གྲོ་གུང་དཀར་རྫོང་སྣམ་ཞྭ་སྲོལ་རྒྱུན་ཁབ་བསླས་ལས་སྣོན་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་དངོས་སུ་ཐོ་འགོད་བྱས་པ་རེད། མཉམ་ལས་ཁང་བཙུགས་མ་ཐག་ཁོང་ཚོར་དཀའ་ངལ་དང་འགྲན་སློང་སྣ་ཚོགས་འཕྲད་པ་སྟེ། མ་དངུལ་མེད་པར་རྫོང་གྲོང་དུ་ཡར་རྒྱུག་མར་རྒྱུག་ཐེངས་མང་བྱེད་དགོས་བྱུང་བ་དང་། ལས་མི་དཀོན་པར་བརྟེན་དུད་ཚང་དབུལ་པོའི་ཁྱིམ་དུ་བསམ་བློའི་སློབ་གསོ་བརྒྱབ་ནས་ཁོང་ཚོར་ཉིན་གླ་སྤྲོད་ཀྱི་ཡོད། དཀའ་བ་ཚད་མེད་སྤྱད་པ་བརྒྱུད་མཐར་ཁོང་ཚོར་རྒྱལ་ཁབ་ཀྱི་རོགས་སྐྱོར་མ་དངུལ་སྒོར་ཁྲི་100རག་པ་དང་། དེའི་ཁར་མཉམ་ལས་ཁང་རང་ངོས་ནས་སྒོར་ཁྲི་70གྲབས་གསོག་བྱས་ཏེ་སྨི་ངོས་གྲུ་500ཟིན་པའི་བཟོ་ཁང་སྒྱུར་བཀོད་རྒྱས་སྐྲུན་བྱས་པ་རེད། སྒྱུར་བཀོད་རྒྱས་སྐྲུན་བྱས་རྗེས་བཟོ་ཁང་དུ་ལས་སྣོན་དང་། ཐོན་སྐྱེད། ཕྱིར་ཚོར་བཅས་ཐུབ་པ་མ་ཟད། ད་དུང་རྩལ་ནུས་གསོ་སྦྱོང་ཡང་ཐུབ་ཀྱི་ཡོད། ཁོང་ཚོས་ཚོང་གཉེར་བྱེད་པའི་ཐོན་རྫས་གྲས་སུ། བོད་ཆས་དང་། སྣམ་བུ། བོད་བཟོའི་ལྟོ་ཕད། བོད་ཞྭ། བོད་བཟོའི་འཇུར་རྟ་སོགས་ལག་ཤེས་ཐོན་རྫས་དང་ཡུལ་སྐོར་ཐོན་རྫས་ཚུད་ཡོད་མ་ཟད། ཐོན་རྫས་དེ་དག་ལྗོངས་ཕྱི་ནང་དུ་འཚོང་གི་ཡོད།
མཉམ་ལས་ཁང་གིས་གྲོང་ཚོའི་ནང་གི་དུད་ཚང་དབུལ་པོ་15ལས་ཞུགས་དབུལ་སྒྲོལ་བྱེད་རོགས་བྱས་པ་དང་། ད་ཆ་མི་12སྔར་བཞིན་དེ་གར་ལས་ཀ་བྱེད་བཞིན་ཡོད་ལ། ལོ་ལྟར་གྲོང་ཚོར་བགོ་འགྲེམས་སྒོར་ཁྲི་5ཙམ་རྒྱག་གི་ཡོད། 2021ལོར་མཉམ་ལས་ཁང་གིས་ཐོག་སོ་གཉིས་པར་བུད་མེད་ཀྱི་ཕྱོགས་བསྡུས་བྱེད་སྒོ་ཁང་བཙུགས་ནས་སློབ་སྦྱོང་བྱེད་སྒོ་སྣ་ཚོགས་སྤེལ།
2018ལོར་ལས་ལ་བརྩོན་ཞིང་བྱམས་སེམས་ལྡན་པའི་བསམ་གཏན་རྒྱལ་ཡོངས་བུད་མེད་ཀྱི་འཐུས་མིར་བདམས་པ་དང་། ཁོང་གི་སྐུལ་ཁྲིད་འོག་ས་གནས་དེ་གའི་བུད་མེད་10མཉམ་ལས་ཁང་དུ་ཡུན་རིང་ལས་ཞུགས་བརྟན་པོ་ཐུབ་ཡོད། དུས་ཆེན་འཆར་རིམ་བཞིན་བསམ་གཏན་གྱིས་ད་དུང་ས་གནས་དེ་གའི་མི་ཧྲེང་རྒན་རྒོན་དང་། དྭ་ཕྲུག དབང་པོ་སྐྱོན་ཅན་བྱིས་པ། འཚོ་བར་དཀའ་ངལ་ཡོད་མཁན་སློབ་གྲྭ་ཆེ་མོ་བ་བཅས་ལ་འཚམས་འདྲི་བྱེད་ཀྱི་ཡོད། བསམ་གཏན་མི་སྒེར་དང་མཉམ་ལས་ཁང་ལ་སྔ་རྗེས་སུ“ལྷ་ས་གྲོང་ཁྱེར་གཉིས་སློབ་གཉིས་བསྡུར་གྱི་བུད་མེད་འཇོན་ཐང་ཅན”དང“ལྷ་སའི་ལག་རྩལ་བྱང་ཆུབ་པའི”ཕུལ་བྱུང་བྱ་དགའ། “དབུལ་སྒྲོལ་འགག་སྒྲོལ་གྱི་དཔེ་སྟོན་བུད་མེད། སྐལ་བཟང་མེ་ཏོག” མལ་གྲོ་གུང་དཀར་རྫོང་གི“གཞོན་ནུ་ལས་ཞུགས་ལས་གཏོད་དངོས་སྦྱོང་རྟེན་གཞི”སོགས་ཀྱི་གཟི་བརྗིད་མཚན་སྙན་མང་པོ་ཐོབ་པ་རེད།
དུས་རབས་ཀྱི་དགོས་མཁོ་དང་འཚེམ་བཟོའི་ལག་རྩལ་རྒྱུན་ཆད་མེད་པར་ཇེ་ལེཌ་སུ་སོང་བ་དང་བསྟུན་ནས། ཞྭ་མོ་གྱོན་མཁན་གྱི་ལོ་སྣ་མི་འདྲ་བར་གཞིཌ་ཏེ་འབྲི་གུང་སྣམ་ཞྭ་བཟོ་རྩལ་ལ་ཡང་རྣམ་པ་འདྲ་མིན་སྣ་ཚོགས་ཡོད། ད་ཆ་ཐོན་རྫས་འདི་དག་འབྲི་གུང་གི་བུད་མེད་ཚོའི་དུས་ཆེན་སྐབས་ཀྱི་མེད་དུ་མི་རུང་བའི་གཟབ་སྤྲོས་ཤིག་ཏུ་གྱུར་པ་མ་ཟད། ལོ་རྒྱུས་ཡུན་རིང་ལྡན་པའི་འབྲི་གུང་གི་སྣམ་ཞྭ་ཡང་དེ་བས་འཕེལ་རྒྱས་ཡག་པོ་དང་རྒྱུན་འཛིན་ཐུབ་ཡོད།
ད་ཆ་སྣམ་ཞྭ་སྲོལ་རྒྱུན་འཚེམ་བཟོའི་ལས་སྣོན་ཆེད་ལས་མཉམ་ལས་ཁང་གི་སྣམ་སྤུའི་ཐོན་རྫས་ལྷ་ས་དང་ཉིང་ཁྲི་སོགས་ས་ཁུལ་དུ་ཕྱིར་ཚོང་བྱེད་པ་དང་། ལོ་ལྟར་མངགས་ཉོ་བྱེད་མཁན་ཁྲི་60ལྷག་ཙམ་ཟིན་ཡོད། “སླད་ཕྱིན་ང་ཚོས་ད་ཆའི་ཁྱད་དུ་འཕགས་པའི་རིག་གནས་ཐོན་ཁུངས་ལ་བརྟེན་ནས་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་ཐུབ་པ་མ་ཟད། མང་ཚོགས་ཀྱི་འཚོ་བ་སྔར་བས་ཡག་ཏུ་གཏོང་གི་ཡིན”ཞེས་བསོད་ནམས་དོན་གྲུབ་ཀྱིས་འབྱུང་འགྱུར་ལ་སེམས་ཤུགས་ཀྱིས་ཁེངས་བཞིན་དེ་ལྟར་བརྗོད།