ཟླ་3པའི་ལྷ་སར་ཉི་འོད་རབ་ཏུ་འཚེར་ཞིང་། སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་དམར་གྲོང་ཚོར་སྐྱོད་སྐབས། རྒྱ་ཆེ་ལ་གྲལ་སྟར་འགྲིག་པའི་ཞིང་པའི་སྡོད་ཁང་དང་། གུ་ཡངས་ཤིང་ཁམས་གཙང་བའི་ཁྲོམ་གཞུང་། ནང་དོན་ཕུན་སུམ་ཚོགས་པའི་རིག་གནས་གྱང་བཅས་པ་གང་སར་མཐོང་རྒྱུ་ཡོད་པ་ལས། སྐྱེ་སྟོབས་ཀྱི་གསོན་ཤུགས་དང་གྲོང་གསེབ་ཀྱི་རྣམ་པ་ཟབ་མོ་ཞིག་མངོན་ལ། གྲོང་ཚོ་མཛེས་སྡུག་ལྡན་པ་དང་། མི་དམངས་ཕྱུག་འགྱུར། ཐོན་ལས་དར་རྒྱས་བཅས་ཀྱི་བརྗིད་ཆེའི་འདུན་པ་ཞིག་ཀྱང་འགོག་མེད་དུ་འཕྱུར་ནས། དམར་གྲོང་ཚོའི་ས་གཞིར་གྲོང་གསེབ་དར་རྒྱས་ཀྱི་རྫོགས་མེད་སྟོབས་ཤུགས་ཤིག་མངོན་དང་མངོན་བཞིན་མཆིས།
ཉེ་བའི་ལོ་ཤས་ཚུན་དུ། དམར་གྲོང་ཚོས་དམངས་ལ་ཞབས་འདེགས་ཞུ་བ་དམིགས་ཡུལ་དུ་བྱེད་པ་དང་། ཐོན་ཁུངས་ཀྱི་ལེཌ་ཆར་བརྟེན་ནས་ཕྱུགས་རིགས་གསོ་ཚགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་ཁང་བོགས་མར་གཏོང་བ། ས་ཞིང་ནང་བཤུག་གཏོང་བ་སོགས་བྱས་ནས་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་བཏང་བ་དང་ཆབས་ཅིག མང་ཚོགས་ཕྱོགས་སྒྱུར་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་ས་གནས་དེ་གའི་མང་ཚོགས་མི་ཉུང་བ་ཞིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད། 2021ལོར་གྲོང་ཚོ་དེའི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་སྒོར་ཁྲི་131ལྷག་ཙམ་ཟིན་པའི་ནང་འབྲེལ་ཡོད་འཁོར་རྒྱུག་མ་དངུལ་ཕུད། ད་ཐེངས་གྲོང་ཚོ་དེའི་གཏན་འཇགས་དུད་ཚང་106ལ་སྒོར་ཁྲི་31ལྷག་ཙམ་བགོ་འགྲེམ་བརྒྱབ་ཡོད་པ་རེད།
2017ལོ་ནས་བཟུང་དམར་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུར་བུ་དོན་གྲུབ་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་སྐྱེ་ལྡན་ནས་མུའུ་1200ལྷག་ཙམ་བཏབ་ཅིང་། དང་ཐོག་མང་ཚོགས་ཚོས་སྐྱེ་ལྡན་ནས་ལ་རྒྱུས་མངའ་དེ་ཙམ་མེད་པས་འདེབས་འདོད་མེད་མོད། འོན་ཀྱང་ཁོང་གིས་ཡུལ་མིའི་ཚོགས་ཆེན་ཐེངས་མང་འཚོགས་ཏེ་མང་ཚོགས་ཀྱི་དོགས་གཞིར་འཕྲལ་དུ་ལན་འདེབས་པ་དང་། ཚན་རིག་ཤེས་བྱ་ཁྱབ་གདལ་གཏོང་བ། ས་ཁུལ་གཞན་དག་ཏུ་སྐྱེ་ལྡན་ནས་བཏབ་པའི་གྲུབ་འབྲས་ཀྱི་ཉམས་མྱོང་བཟང་པོ་སྒྲོག་འགྲེལ་བཅས་བྱས་ནས་མང་ཚོགས་ཀྱི་བསམ་བློར་འགྱུར་ལྡོག་གཏོང་བར་ཁྲིད་སྟོན་བྱས་པ་དང་། 2019ལོའི་ལོ་མཇུག་ཏུ་དམར་གྲོང་ཚོའི་སྐྱེ་ལྡན་ནས་ཚོད་འདེབས་ལ་རྒྱལ་ཁབ་ཀྱིས་བདེན་དཔང་ར་སྤྲོད་བྱས་པ་དང་ཆབས་ཅིག ལྷ་ས་གྲོང་ཁྱེར་ས་གཙང་ཀུང་སིའི་དབར་སྐྱེ་ལྡན་ནས་ཉོ་སྒྲུབ་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་རེད། ལྷ་ས་ས་གཙང་ཀུང་སིས་རྒྱ་མ་རེར་སྒོར་5ཡི་རིན་གོང་བྱས་ནས་སྐྱེ་ལྡན་ནས་རྒྱ་མ་ཁྲི་10ལྷག་གཅིག་གྱུར་ཉོས་པ་དེས་མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། མང་ཚོགས་ཀྱིས་སྐྱེ་ལྡན་ནས་འདེབས་པའི་སེམས་ཤུགས་ཀྱང་ཆེ་རུ་ཕྱིན་ནས། 2021ལོར་སྐྱེ་ལྡན་ནས་ཀྱི་ཐོན་འབབ་རྒྱ་མ་ཁྲི་10ལྷག་ཟིན་ཡོད། “གོམ་སྟབས་རྗེས་མར་ང་ཚོས་སྐྱེ་ལྡན་ནས་ཀྱི་ཆུ་འཐག་གཉེར་ནས་དམར་གྲོང་ཚོའི་འབྱུང་འཕྲོད་བཟའ་བཅའི་སྤུས་རྟགས་བཏོད་དེ། མཉམ་སྡེབ་དཔལ་འབྱོར་སྔར་བས་རྒྱ་ཆེར་གཏོང་རྩིས་ཡོད”ཅེས་ཕུར་བུ་དོན་གྲུབ་ཀྱིས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
དམར་གྲོང་ཚོར་རྩྭ་ར་རྒྱ་ཆེ་བས་ཕྱུགས་རིགས་གསོ་ཚགས་ཀྱི་རང་བྱུང་ཆ་རྐྱེན་བཟང་པོ་ཡོད། དེ་སྔ་གྲོང་ཚོས་སྲོལ་རྒྱུན་གྱི་བྱེད་ཐབས་ལ་བརྟེན་ནས་མཛོ་སོགས་གསོ་ཚགས་བྱེད་པས་གཞི་ཁྱོན་ཆུང་བ་དང་། ཚན་རྩལ་གྱི་འདུས་ཚད་དམའ་བ། རྒྱུད་པ་ཞན་པ། ཐོན་ལས་ཀྱི་སྐུལ་ཁྲིད་ནུས་པ་མངོན་གསལ་མེད་པ་བཅས་ཀྱིས“ཚང་མས་ཕྱུགས་གསོས་ཀྱང་ཕྱུག་པོ་མི་ཆགས་པའི”གནས་སུ་ལྷུངས་ཡོད། 2013ལོར་ལྷ་ས་གྲོང་ཨུད་རྩ་འཛུགས་པུའི(གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག)རོགས་སྐྱོར་ལ་བརྟེན་ནས། མ་དངུལ་སྒོར་ཁྲི་90བཏང་སྟེ་སྟོད་ལུང་བདེ་ཆེན་ཆུས་དམར་གྲོང་རྡལ་དམར་གྲོང་ཚོའི་ཕུན་ཚོགས་འབྲི་གཡག་གསོ་ཚགས་མཉམ་ལས་ཁང་བཙུགས་པ་དང་། སླད་ཕྱིན་གྱི་ལོ་འགའི་ནང་གསོ་ཚགས་ཀྱི་གཞི་ཁྱོན་ཟམ་མི་ཆད་པར་ཆེ་རུ་བཏང་བ་དང་གསོ་ཚགས་གཉེར་སྐྱོང་གི་ཆུ་ཚད་མཐོ་རུ་བཏང་སྟེ། དམར་གྲོང་ཚོའི་ས་མཐོའི་ཁྱད་ལྡན་མཛོ་མོ་གསོ་ཚགས་དང་དཀར་ཆུའི་ཐོན་རྫས་ལས་སྣོན་བྲིན་ཚོང་གཞི་གཅིག་ཅན་གྱི་གསོ་ཚགས་རྟེན་གཞི་བསྐྲུན་པས། དཀར་ཆུའི་ཐོན་རྫས་ཁྲོམ་རར་བྲིན་ཁ་རྒྱུག་པོ་བྱུང་ཞིང་། མིག་སྔར་མཉམ་ལས་ཁང་དུ་མཛོ་མོ་100ལྷག་ཙམ་ཡོད་པས་མི་5ལས་ཞུགས་ཐུབ་ཡོད། 2019ལོ་ནས་བཟུང་གྲོང་ཚོ་གཞན་དག་གི་མཉམ་སྡེབ་དཔལ་འབྱོར་ཡོང་འབབ་ལས་གཏན་འཇགས་དུད་ཚང་ལ་བགོ་འགྲེམ་བརྒྱབ་པ་ཕུད། ལོ་ལྟར་གྲོང་ཚོ་དེ་གའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོར་བགོ་འགྲེམ་རྒྱག་གི་ཡོད། ཡུལ་མི་བློ་བཟང་གིས“ང་ཚོའི་གྲོང་ཚོས་དཔལ་འབྱོར་འཕེལ་རྒྱས་བཏང་ནས་མཛོ་མོ་གསོ་ཚགས་མཉམ་ལས་ཁང་བཙུགས་པས། ལོ་རེ་བཞིན་ཡོང་འབབ་ཡག་ཏུ་ཕྱིན་སོང་། ད་ལོ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནས་ང་ཚོ་དབུལ་སྒྲོལ་དུད་ཚང་རེར་སྒོར་2900བགོ་འགྲེམ་བརྒྱབ་པས་ཧ་ཅང་དགའ་པོ་བྱུང་། སླད་ཕྱིན་གྲོང་ཚོའི་དཔལ་འབྱོར་མཉམ་སྡེབ་ལ་མང་ཙམ་ཞུགས་ནས་ལག་རྩལ་ཡག་ཏུ་བཏང་སྟེ། ཁྱིམ་ཚང་གི་འཁོས་ཀ་ལེགས་སུ་གཏོང་བའི་རེ་བ་ཡོད”ཅེས་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་བཤད།
“ལོ་འདི་དག་ཚུན་དུ་ང་ཚོའི་གྲོང་ཚོར་འགྱུར་ལྡོག་ཆེན་པོ་བྱུང་ཡོད། གཞུང་ལམ་གཙང་དུ་སོང་བ་དང་། ལམ་སྒྲོན་དང་སྔོ་ཁེབས་སོགས་ཚང་མ་ཡོད་པས་མི་རྣམས་ཀྱི་སེམས་ཤུགས་ཆེ་རུ་ཕྱིན་ཡོད”ཅེས་ཡུལ་མི་བདེ་སྐྱིད་ཀྱིས་བཤད། ཉེ་བའི་ལོ་ཤས་རིང་། དམར་གྲོང་ཚོས་གད་སྙིགས་གཙང་སེལ་དང་། མདོང་ལམ་འདིང་བ། བཙོག་ཆུ་གཙང་གསིང་། གསང་སྤྱོད་སྒྱུར་བཀོད། གྲོང་ཚོའི་རྣམ་པ་ལེགས་སུ་གཏོང་རྒྱུ་བཅས་གཙོ་གནད་དུ་བྱས་ཏེ། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་གི་བྱ་སྤྱོད་གཏིང་ཟབ་སྤེལ་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་སྐྲུན་པར་རྣམ་པ་དང་སྤུས་ཚད་གཉིས་ཀ་ཡོད། དམར་གྲོང་ཚོས་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཙང་སེལ་གྱི་ལག་བསྟར་ཇུས་གཞི་རབ་དང་རིམ་པ་བཟོས་ནས་གྲོང་ཚོ་ཚང་མ་དང་དེ་བཞིན་ཉེ་འཁོར་ས་ཁོངས་དང་། ལྕགས་ལམ་དང་གཞུང་ལམ་རྒྱུད། ཆུ་འགྲོ་དང་ཆུ་ཡུར་སོགས་གཙོ་གནད་ས་ཁོངས་སུ་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་གཅིག་སྡུད་གཙང་སེལ་བྱེད་པའི་བྱ་སྤྱོད་སྤེལ་བ་རེད། གྲོང་གསེབ་ཏུ་གསང་སྤྱོད་ཀྱི་བཙོག་གཅིན་གནོད་མེད་ཅན་དང་ཐོན་ཁུངས་སུ་བསྒྱུར་ཏེ་བེད་སྤྱད་པ་དང“གསང་སྤྱོད་གསར་བརྗེར”སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བ་རེད།
ཐོན་ལས་དར་རྒྱས་ཕྱིན་པ་དེས་མི་རྣམས་འབྱོར་པ་རྒྱས་ནས་་རེ་བས་ཁེངས་པར་གྱུར་པ་དང་། སྐྱེ་ཁམས་དང་རིག་གནས་སྣ་མང་ཕུན་སུམ་ཚོགས་སུ་ཕྱིན་པ་དེས་གྲོང་གསེབ་ལ་གསོན་ཤུགས་གསར་པ་རྒྱས་ཡོད། དམར་གྲོང་ཚོའི་ཞིང་ནང་དུ་སྐྱོད་སྐབས། རང་བཞིན་དང་ཞི་མཐུན་ཆེ་ཞིང་གྲོང་གསེབ་ཀྱི་བག་ཆགས་ཟབ་པའི་གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་རྣམ་པ་ཞིག་མིག་ལམ་དུ་འཆར་འོང་བར་བརྟེན། དམར་གྲོང་ཚོའི་འགྱུར་ལྡོག་ནི་ལྷ་ས་གྲོང་ཁྱེར་གྱིས་བློ་བརྟན་འགྱུར་མེད་ངང་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བ་དང་། གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་ཧུར་ཐག་གཏོང་བ། ཞིང་ལས་དང་གྲོང་གསེབ་འཕེལ་རྒྱས་ཀྱི་ཞན་ཆ་སེལ་བ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་མངོན་འགྱུར་བྱེད་པ་བཅས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཀྱང་རེད།