དབུ་ཤོག>ཞིང་འབྲོག་གསར་པ།
  • བོད་ལྗོངས་ཀྱི་ས་གནས་ཁག་གིས་ནུས་ཤུགས་ཡོད་རྒུས་དཔྱིད་རྨོད་ཐོན་སྐྱེད་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-13

    འདི་ལོ་ཚུན་དུ་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་དཔྱིད་དུས་ཀྱི་ཞིང་ལས་ཐོན་སྐྱེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་རིམ་པ་ཁག་དང་སྡེ་ཚན་ཁག་གིས་མཉམ་ལས་དམ་ཟབ་བྱས་ཏེ་ལས་དོན་ཐད་སྔ་ཙམ་འཆར་འགོད་དང་སྔ་ཙམ་བཀོད་སྒྲིག་བྱས་ནས་ལས་དོན་ཁག་གི་བྱེད་ཐབས་དོན་འཁྱོལ་ཏན་ཏིག་དང་དུས་ཚོད་དམ་འཛིན་ཡག་པོ་བྱས་ནས་དཔྱིད་རྨོད་ཐོན་སྐྱེད་ལས་དོན་མགྱོགས་མྱུར་སྤེལ་བ་རེད། མིག་སྔར་ས་གནས་ཁག་ཏུ་དཔྱིད་རྨོད་དཔྱིད་གྲབས་ཀྱི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། དཔྱིད་རྨོད་དཔྱིད་གྲབས་ཀྱི་དངོས་གསོག་གྲབས་གསོག་དང་གཏོང་འདྲེན་ལས་དོན་ཡག་པོ་བསྒྲུབས་ནས་དཔྱིད་འདེབས་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱ་ཆེད། རང་ལྗོངས་ཀྱིས《2022ལོའི་རྫས་ལུད་ཉོ་སྒྲུབ་དང་མཁོ་སྤྲོད་ཀྱི་འབྲེལ་ཡོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གི་བརྡ་ཐོ》བཀྲམ་ནས་རྫས་ལུད་ཉོ་སྒྲུབ་ཀྱི་ལས་དོན་བཀོད་སྒྲིག་བྱས་པ་རེད། ཟླ་3པའི་ཟླ་མཇུག་བར་ལྗོངས་ཡོངས་ཀྱིས་རྫོང་དང་ཆུས་ཁག་ལ་རྫས་ལུད་ཏུན་35575.29གཏོང་འདྲེན་བྱས་པ་དེས་དཔྱིད་འདེབས་འཆར་གཞིའི་76.25%བཟུང་ཡོད། དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་དུས་ཐོག་ཏུ་ས་བོན་གྲ་སྒྲིག་དང་གཏོང་འདྲེན་གྱི་ལས་དོན་སྤེལ་ཞིང་། འདི་ལོར་སྔོན་དཔག་བྱས་ན་ལྗོངས་ཡོངས་སུ་དཔྱིད་འདེབས་ནས་སོན་སྤྱི་རྒྱ་ཁྲི་3200ཙམ་དགོས་པས་ལྗོངས་ནང་ཁུལ་གྱི་གྲབས་གསོག་གིས་དཔྱིད་འདེབས་ཀྱི་དགོས་མཁོ་རྩ་བའི་ཆ་ནས་སྐོང་ཐུབ་ཀྱི་ཡོད།

    མིག་སྔ་ནི་དགུན་འདེབས་ལོ་ཏོག་སྐྱེ་འཚར་དང་དཔྱིད་རྨོད་དཔྱིད་གྲབས་ཀྱི་འགག་རྩའི་དུས་ཤིག་ཡིན། གསར་འགོད་པས་ལྗོངས་ཞིང་ལས་གྲོང་གསེབ་ཐིང་ནས་ཤེས་རྟོགས་བྱས་པར། ཟླ་3ཚེས་25ཉིན་བར་ལྗོངས་ཡོངས་ཀྱི་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་3.4ཟིན་ཡོད་པ་རེད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།