དབུ་ཤོག>ཞིང་འབྲོག་གསར་པ།
  • ལྷོ་ཁ་གྲོང་ཁྱེར་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱིས་རིག་གནས་ཡུལ་སྐོར་ལ་བརྟེན་ནས་ཕྱུག་འགྱུར་གྱི་ལམ་དུ་སྐྱོད།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-11

    ཉིན་ཤས་གོང་། བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཁྲ་འབྲུག་གྲོང་རྡལ་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་གྱི་གྲལ་སྟར་འགྲིག་པའི་སྡོད་ཁང་གི་ལམ་ཆུང་དུ་ཡུལ་སྐོར་བ་མང་པོས་དྲན་རྟེན་པར་རྒྱག་བཞིན་འདུག

    “ངག་རྒྱུན་དུ་ལྷ་མོའི་སྲོལ་གཏོད་པ་ཐང་སྟོང་རྒྱལ་པོས་ལྕགས་ཟམ་སྐྲུན་པའི་དངུལ་གྲབས་སྐབས། ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་བརྩམས་པར་བརྟེན། འདི་གར‘ལྷ་མོའི་གྲོང་ཚོ་དང་པོ’ཞེས་བརྗོད་ཀྱི་ཡོད”ཅེས་བཀྲ་ཤིས་མཆོད་རྟེན་སྡེ་ཁུལ་ཨུ་ལྷན་གྱི་ཀྲུའུ་རེན་ཉི་མ་ཚེ་རིང་གིས་བརྗོད།

    རྒན་པད་མ་དོན་གྲུབ་ཀྱིས་འདས་ཟིན་པའི་ལོ་ཟླར་ཕྱིར་དྲན་བྱེད་སྐབས། ནང་མི་གསུམ་པོར་རྨོ་ཞིང་མེད་པ་མ་ཟད། སྡོད་ཁང་ནི་ཁང་མིག་གསུམ་ལས་མེད་པའི་ཐོག་དཔངས་དམའ་བའི་ཁང་པ་རེད་ཅེས་ཡང་ཡང་བརྗོད་ཀྱི་ཡོད་ཅེས་ཉི་མ་ཚེ་རིང་གིས་བརྗོད་བྱུང་། “ལོ་ལྟར་གྱི་ཞོ་སྟོན་སྐབས་ནི་སྟོན་བསྡུ་དང་ཏག་ཏག་འཁེལ་རུང་། གྲོང་མི་མི་ཉུང་བ་ཞིག་ལྷ་སར་ཁྲལ་གྱི་ཚབ་ཏུ་ལྷ་མོ་འཁྲབ་པར་འགྲོ་དགོས་ཀྱི་ཡོད་སྟབས་ཚང་མའི་ཞིང་ལས་ཀྱི་ཁུར་པོ་ལྕི་པོ་ཡོད”ཅེས་བརྗོད་བྱུང་།

    1959ལོར་དམངས་གཙོའི་བཅོས་སྒྱུར་ལས་ཡར་ལངས་བཅིངས་འགྲོལ་ཐོབ་པའི་བོད་ཀྱི་མི་རིགས་ཁག་གི་མི་དམངས་རང་ཁྱིམ་རང་བདག་བྱུང་བ་དང་། ས་ཞིང་དང་ནོར་ལུག་གི་བགོ་བཤའ་ཡང་རག་པས། བཀྲ་ཤིས་མཆོད་རྟེན་གྱི་གྲོང་མིའི་འཚོ་བའི་སྤྲོ་སེམས་ཆེས་ཆེར་འཕེལ། 2005ལོར་ཧུའུ་པེའི་ཝུའུ་ཧན་གྱིས་བཀྲ་ཤིས་མཆོད་རྟེན་གྲོང་རྡལ་ལ་ཨར་འདམ་ལམ་སྨི་400ཙམ་སྐྲུན་རོགས་བྱས་པ་དང་། ས་གནས་མང་ཚོགས་ཀྱིས་འཕྲུལ་ཆས་ཉོས་ནས་ཁྲོམ་རའི་ལས་གྲྭར་ཞུགས་པའམ་ཡང་ན་ཕྱིར་གླ་པར་བསྐྱོད་པས་འཚོ་བ་ཇེ་ལེགས་ཇེ་ཡག་ཏུ་ཕྱིན། དེ་རྗེས་ཀྱི་ལོ་འགའི་ནང་ཧུའུ་པེ་དང་ལྷོ་ཁ་གྲོང་ཁྱེར་གྱིས་སླར་ཡང་མ་དངུལ་སྒོར་ཁྲི་5000ཙམ་བཏང་ནས་བཀྲ་ཤིས་མཆོད་རྟེན་གྱི་སྡོད་ཁང་ཁོར་ཡུག་ལེགས་སུ་གཏོང་བའི་རྣམ་གྲངས་ལག་ལེན་བསྟར་ཏེ་ཡུལ་སྐོར་གྱི་ཁྱིམ་ཚང་འགྲུལ་ཁང་བསྐྲུན་པ་རེད།

    2006ལོར་ཡར་ཀླུང་བཀྲ་ཤིས་ཞོལ་པའི་ལྷ་མོ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་དུ་བཅུག “མངོན་མིན་རིག་གནས་ཤུལ་བཞག”གི་རྒྱུན་འཛིན་པ་ཉི་མ་ཚེ་རིང་གིས་ཉིན་ལྟར་གཞོན་ནུ་ཚོར་ལྷ་མོ་སློབ་ཀྱི་ཡོད། 1987ལོར་ལྷ་མོ་ཚོགས་པ་བཙུགས་ཚུན་ཁོང་གིས་གར་སྟེགས་སུ་འཁྲབ་སྟོན་ལོ་35བྱས་པ་རེད། “ང་ཚོས་མཚན་མོར་ཡུལ་སྐོར་བར་ལྷ་མོ་འཁྲབ་པ་དང་མེ་ཕུང་དགོང་ཚོགས་གཉེར་ནས་ཡུལ་སྐོར་བ་ཚོར་གྲོང་གསེབ་ཀྱི་ཡུལ་སྐོར་དངོས་འབྲེལ་ཉམས་ལེན་ཐུབ་པར་བྱེད་ཀྱི་ཡོད། ལྷ་མོ་འཁྲབ་ཐུབ་པ་ནི་བདེ་སྐྱིད་ཀྱི་བྱ་བ་ཞིག་རེད”ཅེས་ཉི་མ་ཚེ་རིང་གིས་བརྗོད།

    ལྷ་མོ་སྔར་བས་ཁྱབ་གདལ་བཏང་ནས་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ་དང་ཆབས་ཅིག་གྲོང་གསེབ་ཀྱི་ཡུལ་སྐོར་འཕེལ་རྒྱས་གཏོང་ཆེད། ཡིག་ངོ་མི་ཆོད་པའི་ཉི་མ་ཚེ་རིང་གིས་རང་སྦྱོང་བྱས་པ་བརྒྱུད་ཡིག་འབྲུ་ཁྲི་8ཙམ་ཟིན་པའི་ལྷ་མོའི་འཁྲབ་གཞུང་གི་རྣམ་ཐར་ཚིག་སོགས་ལེགས་སྒྲིག་བྱས་པ་མ་ཟད། ད་དུང་རྒྱུན་འཛིན་པ་30གསོ་སྦྱོང་བྱས་ཡོད་པ་རེད། བཀྲ་ཤིས་མཆོད་རྟེན་ལྷ་མོ་ཚོགས་པས་གཟའ་འཁོར་རེར་འཁྲབ་སྟོན་ཐེངས་ཁ་ཤས་བྱེད་པ་དང་ཐེངས་རེར་འཁྲབ་སྟོན་ཆུ་ཚོད་3ལྷག་ཙམ་བྱེད་ཀྱི་ཡོད།

    2021ལོར་བཀྲ་ཤིས་མཆོད་རྟེན་གྱི་མང་ཚོགས་དུད་ཚང་60ཡིས་ཁྱིམ་ཚང་འགྲུལ་ཁང་གཉེར་བར་ཉལ་ཁྲི་444ཡོད་ཅིང་། ལོར་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི་2ལས་བརྒལ་བས་མཉམ་སྡེབ་དཔལ་འབྱོར་དང་ཞིང་འབྲོག་པར་འབབ་འཕར་སྒོར་ཁྲི་200ཙམ་བྱུང་ཡོད། “མང་ཚོགས་ཀྱི་ཡོང་འབབ་མང་དུ་ཕྱིན་པ་མ་ཟད། སྡེ་ཁུལ་ཡང་སྐད་གྲགས་ཆེ་རུ་ཕྱིན་སོང” ད་ཆ་ཉི་མ་ཚེ་རིང་དང་སྡེ་ཁུལ་གྱི་ལས་བྱེད་པ་གཞན་དག་གིས་ཡུལ་སྐོར་ཀུང་སི་བཙུགས་ནས་ལྷ་མོ་འཁྲབ་སྟོན་དང་། ཁྱིམ་ཚང་འགྲུལ་ཁང་། ཡུལ་སྐོར་སྣེ་ལེན་ཞབས་འདེགས་སོགས་གཅིག་སྡུད་གཉེར་སྐྱོང་བྱེད་བཞིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།