དབུ་ཤོག>ཞིང་འབྲོག་གསར་པ།
  • བདེ་སྐྱིད་ས་ཚིགས་ཀྱིས་མི་སེར་ལ་སྟབས་བདེ་བསྐྲུན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-04-01

    “གྲོང་ཚོར་བདེ་སྐྱིད་ས་ཚིགས་ཡོད་པས་ང་ཚོ་མི་སེར་གྱི་འཚོ་བར་ཕན་པ་ཆེན་པོ་ཐོབ་བྱུང་། དེར་ཕྲུ་གུ་ཁྲིད་ནས་ང་ཚོའི་གྲོང་ཚོའི་ལོ་རྒྱུས་ཤེས་རྟོགས་ཐུབ་པ་མ་ཟད། ད་དུང་སྐར་མ་བསགས་ནས་འཚོ་བའི་མཁོ་ཆས་ཀྱང་བརྗེ་ཐུབ་པས་ཧ་ཅང་སྟབས་བདེ་པོ་འདུག”ཅེས་ཉིན་ཤས་གོང་བདེ་སྐྱིད་ས་ཚིགས་ཀྱི་གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ལྟ་སྐོར་བྱེད་བཞིན་པའི་གྲོང་མི་པ་སངས་ཀྱིས་དགའ་ཚོར་ཆེན་པོས་དེ་ལྟར་བཤད།

    2021ལོའི་ལོ་སྨད་དུ་མལ་གྲོ་གུང་དཀར་རྫོང་རྒྱ་མ་ཤང་ཁྲི་ཁང་གྲོང་ཚོར་གནས་པའི་བདེ་སྐྱིད་ས་ཚིགས་དངོས་སུ་སྤྱོད་འགོ་ཚུགས་ཤིང་། ནང་ཁུལ་གྱི་རྒྱ་ཁྱོན་སྨི་ངོས་གྲུ་100ལས་མེད་རུང་ས་ཚིགས་ཀྱི་ནུས་པ་ཆ་ཚང་བ་དང་གཙང་ཞིང་གྲལ་འགྲིག་ལ་ད་དུང་ཏང་གི་ལོ་རྒྱུས་སློབ་གསོའི་རྟེན་གཞི་དང་གྲོང་ཚོའི་ལོ་རྒྱུས་ཁང་སོགས་ལྟ་སྐོར་དང་སློབ་སྦྱོང་བྱེད་ས་ཡོད་པ་མ་ཟད། ཉེ་འགྲམ་དུ་ལུས་སྦྱོང་ཡོ་བྱད་དང་བྱིས་པའི་རོལ་རྩེད་སྒྲིག་བཀོད་སྒྲིག་སྦྱོར་བྱས་པའི་རིག་གནས་ཐང་ཆེན་ཡོད་པས་གྲོང་མི་ཚོ་དེ་གར་སྤྲོ་གསེང་དང་ལུས་སྦྱོང་བྱེད་ཆོག་གི་ཡོད།

    བདེ་སྐྱིད་ས་ཚིགས་ནང་ས་ཁོངས་ཤིག་ཡོད་པ་དེར“བདེ་སྐྱིད་སྐར་གསོག་སྒོ་རྩིས་ཚོང་ཁང”ཞེས་བརྗོད་ཀྱི་ཡོད། གསར་འགོད་པ་སྒོ་རྩིས་ཚོང་ཁང་ནང་འཛུལ་སྐབས་ཚོང་སྒྲོམ་ཐོག་ཤ་བཙིར་འཕྲུལ་འཁོར་དང་། གློག་གི་ཆུ་སྐོལ་ཆས། གཙང་ཤོག གོས་འཁྲུད་གཤེར་ཁུ་སོཌ་འཚོ་བའི་མཁོ་ཆས་སྣ་ཚོགས་དང་ཁྱིམ་སྤྱོད་གློག་ཆས་བཞག་ཡོད་པ་དང་། ཤོག་བྱང་ཐོག་རིན་གོང་མིན་པར་གྲངས་ཚད་མི་འདྲ་བའི་སྐར་གྲངས་འཁོད་པ་མཐོང་བྱུང་། གལ་ཏེ་གྲོང་མིས་ཁྲི་ཁང་གྲོང་ཚོར་ལས་བཟང་སྒྲུབ་ཚེ་དེ་མཚུངས་ཀྱི་སྐར་མ་གསོག་ཐུབ་ཀྱི་ཡོད་པས། གྲོང་མི་ཚོས་སྐར་གསོག་ལ་བརྟེན་ནས་བདེ་སྐྱིད་སྐར་གསོག་སྒོ་རྩིས་ཚོང་ཁང་ནས་དེ་མཚུངས་ཀྱི་ལག་རྟཌ་བརྗེ་བར་ཡོང་གི་ཡོད།

    གྲོང་ཚོའི་དཀའ་ངལ་ཡོད་པའི་དུད་ཚང་གི་དཀའ་ངལ་ཐག་གཅོད་བྱེད་རོཌ་དང་གྲོང་ཚོའི་རྙོག་འཛིང་ཆེ་བའི་བྱ་བ་ཐག་གཅོད་བྱེད་རོཌ་བྱས་ཚེ། བྱ་བཟང་ཆེ་ཆུང་ལ་མ་བལྟོས་པར་སྐར་མ་གསོག་ཐུབ་ཀྱི་ཡོད། “སྐར་གསོག་སྒོ་རྩིས་ཚོང་ཁང་ཡོད་པས་ང་ཚོས་བྱ་བཟང་སྒྲུབ་པའི་ཧུར་སེམས་སྔར་བས་ཆེ་རུ་ཕྱིན་སོང་། དེ་ལྟར་བྱས་ཚེ་རང་གཞན་གཉིས་ཀར་ཕན་པ་འདུག”ཅེས་པ་སངས་ཀྱིས་བཤད།

    ཏང་འཛུགས་སྐྱོང་གི་སློབ་གསོའི་རྟེན་གཞི་ཡང་བདེ་སྐྱིད་ས་ཚིགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། ན་ནིང་ཟླ་7ཚེས་1ཉིན་གོང་། ཏང་འཛུགས་སྐྱོང་སློབ་གསོའི་རྟེན་གཞིའི་རྣམ་གྲངས་ལེགས་གྲུབ་ཟིན་པ་དང་། མལ་གྲོ་གུང་དཀར་རྫོང་གིས་ཏང་འཛུགས་སྐྱོང་སློབ་གསོའི་རྟེན་གཞི་རུ་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྤེལ་བ་རེད། ཏང་ཡོན་གྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་ཕུད། ཏང་རྩ་འཛུགས་དང་ཏང་ཡོན་ལ་སློབ་སྦྱོང་བྱེད་སྒོའི་ཁོར་ཡུག་ཀྱང་མཁོ་འདོན་བྱས་ཡོད་པས། ཞབས་ཞུ་ཅན་གྱི་ཏང་རྩ་འཛུགས་འཛུགས་སྐྱོང་གི་བྱེད་སྒོ་སྤེལ་ས་གལ་ཆེན་ཞིག་ཏུ་གྱུར་ཡོད།

    གཞན་ཡང་། གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ཁང་ཡང་བདེ་སྐྱིད་ས་ཚིགས་ཀྱི་བཀྲག་མདངས་འཚེར་ས་ཞིག་ཏུ་གྱུར་ཡོད། གྲོང་ཚོའི་ལོ་རྒྱུས་འགྲེམས་སྟོན་ཁང་དུ་ཁྲི་ཁང་གྲོང་ཚོའི་ཉེ་བའི་ལོ་ཤས་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་གི་སྐོར་འཁོད་ཡོད་པ་དེ་ཐོག་ནས་བོད་གསར་རྙིང་གི་བསྡུར་བ་ཤུགས་ཆེན་མངོན་པ་མ་ཟད། དེང་གི་ཁྲི་ཁང་གི་དཔལ་འབྱོར་དང་རིག་གནས་དར་རྒྱས་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་རྒྱས། སྐྱེ་ཁམས་ཁོར་ཡུག་ལེགས་པ། མི་དམངས་ཀྱི་འཚོ་བ་བདེ་སྐྱིད་ལྡན་པ་བཅས་ཀྱི་རྣམ་པ་གསར་རྐྱང་ཞིག་ཀྱང་མངོན་ཡོད།

    ཤེས་རྟོགས་བྱུང་བ་ལྟར་ན། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“བདུན་གཅིག”གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་བོད་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོར་སྐུལ་འདེད་གཏིང་ཟབ་གཏོང་ཆེད། མལ་གྲོ་གུང་དཀར་རྫོང་ཨུད་དང་རྫོང་སྲིད་གཞུང་དང་དེ་བཞིན་མལ་གྲོ་གུང་དཀར་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་མཁན་ནན་ཅིང་གི་ལས་དོན་ཚོགས་ཆུང་གིས་མི་སེར་ཉེ་འགྲམ་གྱི་བྱ་བ་ཆུང་ཙག་དང་། རྙོག་འཛིང་ཆེ་བའི་བྱ་བ། སེམས་ཁྲལ་བྱེད་པའི་བྱ་བ་སོགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུར་གཞི་ཚུགས་ནས། དུས་འགོར་བརྟག་དཔྱད་ཞིབ་འཇུག་དང་མཐིལ་རྟོགས་གཏིང་ཟབ་བྱས་པ་བརྒྱུད། བོད་སྐྱོར་མ་དངུལ་སྒོར་ཁྲི་171བཏང་ནས་རྒྱ་མ་ཤང་དང་། བཀྲ་ཤིས་སྒང་ཤང་། ཉི་མ་ལྕང་རྭ་ཤང་། རྨམ་པ་ཤང་། རྩ་ཞོལ་ཤང་། ཐང་སྐྱ་ཤང་བཅས་ཤང་དང་གྲོང་རྡལ་6གི་གྲོང་ཚོའི་ཚོགས་ཆུང་15རུ་བདེ་སྐྱིད་ས་ཚིགས་ཀྱི་རྣམ་གྲངས་15ལག་བསྟར་བྱས་པ་རེད། བདེ་སྐྱིད་ས་ཚིགས་ཀྱིས་གཅིག་གྱུར་འཆར་འགོད་དང་། གཅིག་གྱུར་ཇུས་འགོད། ཕྱི་དབྱིབས་གཅིག་གྱུར་བཅས་བྱས་ནས“ཁང་གཅིག་མང་སྤྱོད”ཀྱི་བསམ་ཕྱོགས་ལ་གཞིགས་ཏེ་ཏང་དང་མང་ཚོགས་ཀྱི་གཞུང་དོན་གྲོས་བསྡུར་དང་། ཏང་ཡོན་གྱི་བྱེད་སྒོ རིག་གནས་དང་ལུས་རྩལ་རོལ་རྩེད་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་བྱེད་སྒོ་ལྟེ་གནས་ཤིག་ཏུ་ཧུར་ཐག་འགྱུར་བར་བྱས་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།