ཡངས་ཤིང་རྒྱ་ཆེ་བའི་གངས་ལྗོངས་ས་མཐོར་ལྕགས་སྒྲོམ་རེ་རེ་བཞིན་བསླངས་ནས་གློག་སྐུད་དཀར་ཆིལ་ལེར་ཁྲིད་པ་དེས་འཛམ་གླིང་ཡང་རྩེར་བློས་འགེལ་ཆོག་པའི“དམངས་འཚོའི་གློག་དྲ”དང་། “བདེ་སྐྱིད་ཀྱི་གློག་དྲ” “འོད་སྣང་གི་གློག་དྲ”བཅས་གྲུབ་ཡོད།
2021ལོར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་གྲོང་གསེབ་ཀྱི་གློག་དྲ་སྣུར་སྲིང་ཁྱབ་འགྱེད་དང་བརྟན་གཏོང་རིམ་སྤོར་གྱི་ལས་གྲྭ་ལག་ལེན་ཤུགས་ཆེན་བསྟར་བ་དང་གྲོང་གསེབ་ཏུ་གློག་དང་སོལ་རླངས་འཁྲིད་པའི་ལས་གྲྭ་འཛུགས་སྐྲུན་བྱེད་མགྱོགས་སུ་བཏང་བས། གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པར་སྒུལ་ཤུགས་ཀྱི་འགན་ལེན་ནུས་ལྡན་བྱུང་ཡོད།
འབབ་འཕར་ཕྱུག་འགྱུར་ཡོང་བར་རམ་འདེགས་བྱས་པ།
ན་ནིང་ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་བྱིས་གྲོངས་ཤང་བྱིས་གྲོངས་གྲོང་ཚོའི་ཡུལ་མི་བསོད་ནམས་བཀྲ་ཤིས་ཀྱིས་སྔོན་མ་བཞིན་ཕྱིར་གླ་པར་མ་བསྐྱོད་པར་སྨར་ཁམས་རྫོང་གློག་འདོན་ཀུང་སིའི་ལས་དོན་པ་དང་མཉམ་དུ་གྲོང་གསེབ་ཀྱི་གློག་དྲ་བརྟན་གཏོང་རིམ་སྤོར་གྱི་ལས་གྲྭར་གཞོལ་ཡོད།
ཞིང་འབྲོག་ཁུལ་གྱི་གློག་ཤུགས་ཀྱི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་ལེགས་སུ་གཏོང་ཆེད། རྒྱལ་ཁབ་གློག་དྲ་ཆབ་མདོ་གློག་འདོན་ཀུང་སིས་གྲོང་གསེབ་ཀྱི་གློག་དྲ་བརྟན་གཏོང་རིམ་སྤོར་གྱི་ལས་གྲྭ་སྐྲུན་རིང་། ལས་གྲྭའི་འཛུགས་སྐྲུན་བྱ་བའི་ནང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་མང་པོ་བསྡུས་པ་དང་། བསོད་ནམས་བཀྲ་ཤིས་ནི་དེའི་ཁྲོད་ཀྱི་ཕན་པ་ཐོབ་མཁན་གྱི་གྲས་ཤིག་རེད། བསོད་ནམས་བཀྲ་ཤིས་ཀྱིས“ཉིན་ལྟར་ལས་གྲྭ་འཛུགས་སྐྲུན་ནང་ཞུགས་པས་གཅིག་ནས་ལག་རྩལ་ཤེས་པ་མ་ཟད། གཉིས་ནས་ཡོང་འབབ་ཀྱང་གསོག་ཐུབ་ཀྱི་འདུག”ཅེས་དགའ་ཚོར་ངང་བཤད།
དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།
གཞིས་རྩེ་གྲོང་ཁྱེར་ངམ་རིང་རྫོང་མདོ་སྤེ་ཤང་བདེ་ཤར་གྲོང་ཚོའི་ཆ་སྙོམས་ས་བབ་མཐོ་ཚད་སྨི་4400ལྷག་ཙམ་ཟིན་གྱི་ཡོད། དེར་སྔོན་མ་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོས་གྲོང་ཚོ་དེ་ཡོངས་ཀྱི་གྲངས་འབོར་གྱི་56%བཟུང་ནས། མདོ་སྤེ་ཤང་གི་ཁོངས་སུ་གཏོགས་པའི་སྲིད་འཛིན་གྲོང་ཚོ་18ཁྲོད་ཀྱི་ཆེས་ལུང་ཁུག་དང་ཆེས་དབུལ་ཤོས་སུ་གྱུར་ཡོད།
ཡིན་ནའང་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་གྲོང་ཚོ་དེར་བཅའ་སྡོད་བྱས་ནས་རོགས་སྐྱོར་བྱེད་འགོ་ཚུགས་ཤིང་། 2018ལོའི་ལོ་མཇུག་ཏུ་གྲོང་སྡོད་ལས་དོན་རུ་ཁག་གིས་དུས་འགོའི་བརྟག་ཞིབ་དང་ཕྱོགས་མང་པོ་ནས་རིགས་པས་ཁུངས་སྐྱེལ་བྱས་པ་བརྒྱུད་ངམ་རིང་རྫོང་མདོ་སྤེ་ཤང་ལ་རྒྱལ་ཁབ་གློག་དྲའི་འོད་ཤུགས་གློག་ཁང་རྒྱག་རྒྱུའི་གྲོས་འགོ་བཏོན་པ་དང་། 2019ལོའི་ཟླ་བཅུ་གཉིས་པར་རྣམ་གྲངས་དེ་གློག་དྲ་དང་སྦྲེལ་ནས་གློག་བཏང་བ་དང་གློག་ཁང་གི་སྒྲིག་སྦྱོར་འཕྲུལ་འཁོར་ནས་གློག་གཏོང་ཚད་ཀྲའོ་ཝ་0.1ཟིན་ཏེ། ལོ་རེར་ཆ་སྙོམས་གློག་གཏོང་ཚད་ཏུའུ་ཁྲི་16.8ཟིན་གྱི་ཡོད་པ་རེད།
བདེ་ཤར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡེ་ཤེས་ཀྱིས“འོད་ཤུགས་གློག་ཁང་བཙུགས་ཚུན་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་8ཙམ་ཡོང་གི་འདུག”ཅེས་འོད་ཤུགས་གློག་ཁང་གི་དགེ་མཚན་སྐོར་གླེང་སྐབས་འཛུམ་དམུལ་དམུལ་ངང་བཤད།
གློག་ཁང་བསྐྲུན་པ་དེས་བདེ་ཤར་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་མ་ཐེབས་ཡོད། གློག་ཁང་བསྐྲུན་པའི་རྗེས་བདེ་ཤར་གྲོང་ཚོར་འབྲི་གཡག་གསོ་ཚགས་ར་བའི་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་འབྲི་གཡག་གསོ་ཚགས་དང་། དཀར་ཆུའི་ཐོན་རྫས་དང་ཚགས་ཤ་འཚོང་བ་བརྒྱུད་ལོ་གཅིག་ལ་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་40ཙམ་ཟིན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་འགྲོ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།
གྲོང་གསེབ་དར་རྒྱས་ལ་སྒུལ་ཤུགས་བསྣན་པ།
2021ལོའི་ཟླ་8ཚེས་9ཉིན་ལྷོ་ཁ་གྲོང་ཁྱེར་སྲིན་བུ་རིའི་འབྲོག་ར་ཚད་ཡོད་ཀུང་སིར་རྒྱལ་ཁབ་གློག་དྲ་གོང་དཀར་རྫོང་གློག་འདོན་ཚད་ཡོད་ཀུང་སིའི་ལས་དོན་པས་གོ་རིམ་ལྡན་པའི་ངང་ཚད་འཇལ་ཡོ་ཆས་དང་མཐའ་སྣེ་འཚོལ་བསྡུའི་སྒྲིག་ཆས་བསྒར་ནས་ས་ཁོངས་དེར་གློག་ཤར་གཏོང་གི་ལས་དོན་མཇུག་ཤོས་ལེགས་སྒྲུབ་བྱས་ཡོད་པ་རེད།
“ད་ཆ་སྲིན་བུ་རིའི་རིག་ལྡན་ནུས་རྒྱུའི་གྲོང་རྡལ་ཆུང་ངུར་སྡོད་མཁན་ཡུལ་མི་ནི་རང་བྱུང་ཆ་རྐྱེན་ཞན་པའི་ནག་ཆུ་གྲོང་ཁྱེར་མཚོ་གཉིས་རྫོང་ནས་སྤོས་འོང་བ་ཞིག་ཡིན། དེ་གར་ཁོང་ཚོ་སྡོད་ཁང་གསར་པར་སྡོད་རྒྱུ་བྱུང་བ་མ་ཟད། ད་དུང‘རིག་ལྡན’གྱི་འཚོ་བའང་སྐྱེལ་རྒྱུ་བྱུང་ཡོད”ཅེས་རྒྱལ་ཁབ་གློག་དྲ་གོང་དཀར་རྫོང་གློག་འདོན་ཚད་ཡོད་ཀུང་སིའི་སྲིན་བུ་རིའི་རིག་ལྡན་ལས་གཉེར་ཁང་གི་འཛད་སྤྱོད་པའི་ཅིང་ལི་བསོད་ནམས་དོན་གྲུབ་ཀྱིས་མྱོང་ཚོར་ཟབ་མོའི་ངང་བཤད།
གོམ་སྟབས་རྗེས་མར་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཀུང་སིས་གྲོང་གསེབ་ལ་ནུས་རྒྱུ་གཙང་མ་སྤྱོད་རྒྱུར་སྐུལ་འདེད་བཏང་སྟེ་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་གློག་དང་སོལ་རླངས་སྤྱོད་ཚད་མཐོ་རུ་་བཏང་བ་དང་། མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་ཤུགས་རྐྱེན་ཐེབས་པའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་ཞན་ཆ་བསབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་དེ་གྲོང་གསེབ་དར་རྒྱས་དང་འབྲེལ་མཐུད་ནུས་ལྡན་ཡོང་བར་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུ་རེད།