ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་གནམ་སྔོ་དྭངས་གཙང་ཐོན་ལས་མ་འཇོག་ཚད་ཡོད་ཀུང་སིས“ནོར་འགུགས་རིག་འདྲེན”གྱི་ལས་དོན་ཧུར་ཐག་སྤེལ་ནས་མ་དངུལ་མཉམ་བསྡུ་བྱས་ཏེ་སྐྱེ་ལྡན་ལུད་ཐོན་སྐྱེད་ཀྱི་ཁེ་ལས་གཉེར་བ་དང་། ཡུལ་བབ་དང་བསྟུན་པ། ཕན་མེད་ཕན་སྒྱུར་བཅས་བྱས་ཏེ་འབྲོག་ལས་ཀྱི་ལྕི་བ་དང་རིལ་མ་སོགས་ཐག་གཅོད་ཀྱི་དཀའ་གནད་ཧུར་ཐག་བསལ་བ་དང་། ནོར་ལུག་གི་ལྕི་བ་དང་རིལ་མས་མ་བཅོས་རྒྱུ་ཆ་གཙོ་བོར་བྱས་པའི་སྐྱེ་ལྡན་ལུད་ལས་སྣོན་འཕེལ་རྒྱས་ཤུགས་ཆེན་བཏང་བ་དང་། འབྱུང་འཕྲོད་འཁོར་རྒྱུག་དཔལ་འབྱོར་གྱི་ཐོན་ལས་འཁོར་སྦྲེལ་ནུས་ཤུགས་ཡོད་རྒུས་བཏོད་པས། དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཡོད་པ་རེད།
2020ལོའི་ཟླ་9པ་ཚུན་དུ། ཆབ་མདོ་གྲོང་ཁྱེར་གནམ་སྔོ་དྭངས་གཙང་ཐོན་ལས་མ་འཇོག་ཚད་ཡོད་ཀུང་སིས་ཆབ་མདོའི་དཔལ་འབྱོར་གསར་སྤེལ་ཁུལ་ས་ཁོངས་ཀྱི་སྐྱེ་ཁམས་འཁོར་རྒྱུག་ཞིང་ལས་རྣམ་གྲངས་ལེགས་གྲུབ་ཟིན་ནས་ལག་བསྟར་བྱས་པའི་ཕན་ཡོད་ཀྱི་གོ་སྟབས་དམ་བཟུང་བྱས་པ་དང་། ཆབ་མདོ་གྲོང་ཁྱེར་གྱི་ཁྱད་འཕགས་ཀྱི་ཚོང་གཉེར་ཁོར་ཡུག་དང་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་སྤྱད་དེ་དམངས་གཉེར་ཁེ་ལས་ཀྱིས་མ་དངུལ་མཉམ་བསྡུ་བྱས་ནས་ཆབ་མདོ་གྲོང་ཁྱེར་གྱི་གནམ་སྔོ་དྭངས་གཙང་སྐྱེ་ཁམས་སྐྱེ་ལྡན་ལུད་ཚད་ཡོད་ཀུང་སི་བཙུགས་ནས་གྲོང་ཁྱེར་ཡོངས་སུ་སྐྱེ་ལྡན་ལུད་བཟོ་གྲྭ་ཆེ་གྲས་མེད་པའི་སྟོང་ཆ་བསྐངས་ཡོད་པ་རེད།
ཀུང་སིའི་ཐོན་རྫས་ཐོན་སྐྱེད་བྱེད་འགོ་ཚུགས་ཚུན། ཐོན་ཚོང་གཉིས་དར་གྱི་འཕེལ་ཕྱོགས་མངོན་ཏེ་ཆབ་མདོ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ལས་ཞུགས་འབབ་འཕར་དང་ཞིང་འབྲོག་ལས་ཀྱི་སྤུས་ཚད་མཐོ་རུ་འགྲོ་བ་དང་ཕན་འབྲས་ཆེ་རུ་འགྲོ་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད། གནམ་སྔོ་དྭངས་གཙང་སྐྱེ་ཁམས་སྐྱེ་ལྡན་ལུད་ཀུང་སིའི་འགན་འཁུར་བས། གོམ་སྟབས་རྗེས་མར་ལག་རྩལ་གསར་གཏོད་མགྱོགས་སུ་བཏང་སྟེ་ཀུང་སིའི་བཅོས་སྐྱོང་མ་ལག་དང་ཐོན་སྐྱེད་ཕྱིར་ཚོང་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྤུས་རྟགས་ཀྱི་འདུ་ཤེས་གང་ཐུབ་ཅི་ཐུབ་ཀྱིས་བཏོད་དེ་ཐོན་རྫས་ཀྱི་ཁྱབ་གདལ་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། འཛད་སྤྱོད་པས་གནམ་སྔོ་དྭངས་གཙང་སྐྱེ་ལྡན་ལུད་ལ་ངོས་འཛིན་བྱེད་ཚད་དང་མཚན་སྙན་ལྡན་ཚད་མཐོ་རུ་བཏང་སྟེ་ཐོན་ཚོང་གི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་གཏོང་བ། “གསོ་ཚགས་དུད་ཚང+སྐྱེ་ལྡན་ལུད་བཟོ་གྲྭ+ཞིང་དུད”ཀྱི་འཁོར་རྒྱུག་ཞིང་ལས་འཕེལ་རྒྱས་གཏོང་སྟངས་འཚོལ་ཞིབ་བྱས་ནས་བཙུགས་ཏེ་གྲོང་གསེབ་དར་རྒྱས་ཡོང་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བཤད།