དབུ་ཤོག>ཞིང་འབྲོག་གསར་པ།
  • ལས་གཏོད་ལམ་བུར་སྤོས་ཀྱི་དྲི་ཞིམ་འཐུལ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-03-25

    མལ་གྲོ་གུང་དཀར་རྫོང་རྨམ་པ་ཤང་རི་མདོ་སྒང་གྲོང་ཚོར་གནས་པའི་འབྲི་གུང་རྭ་སེའི་བུད་མེད་སྨན་སྤོས་ལས་སྣོན་མཉམ་ལས་ཁང་དུ་སྐྱོད་སྐབས། སྨན་སྤོས་ཀྱི་དྲི་ཞིམ་སྣ་ལམ་དུ་ངང་གིས་འཐུལ་ཡོང་། བཟོ་པ་ཁ་ཤས་ཀྱིས་བཟོས་མ་ཐག་པའི་སྨན་སྤོས་ཆག་པ་གྲལ་སྒྲིག་བཞིན་ཡོད་པ་དང་། ཕྱོགས་བཞིར་བསྒྲིགས་པའི་མིའི་གཟུགས་ཚད་ཙམ་གྱི་ཤིང་སྒྲོམ་སྟེང་དུ་སྡེར་མ་རིམ་པ་བཞིན་བཞག་ཡོད་པ་དེ་དག་གི་ནང་དུ་སྨན་སྤོས་སྐམ་པོ་སྡག་སྡག་བླུགས་ཡོད་པ་རེད།

    མཉམ་ལས་ཁང་འཛུགས་མཁན་བློ་བཟང་དང་བཟའ་ཟླ་ཆོས་དབང་གཉིས་ཀ་རི་མདོ་སྒང་གྲོང་ཚོ་ནས་ཡིན་ཞིང་། 70ནང་སྐྱེས་ཁོང་གཉིས་པོས་སྐྱིད་སྡུག་མཉམ་མྱོང་དང་དཀའ་སྤྱད་འབད་བརྩོན་གྱིས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་འགོ་ཚུགས། ཁོང་ཚོས་ལས་སྣོན་བྱས་པའི་སྨན་སྤོས་ཀྱི་སྤུས་ཀ་ལེགས་པ་དང་རིན་གོང་ཁེ་བས་ལོ་མང་རིང་ཚོང་ཤག་མང་པོ་ཡོད་པ་མ་ཟད། ཁོང་གཉིས་ལ་མི་རྣམས་ཀྱིས་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། ད་ཆ་བློ་བཟང་གིས་ཕྱི་ཕྱོགས་སུ་འབྲེལ་བ་བྱས་ཏེ་ཁྲོམ་ར་རྒྱ་སྐྱེད་གཏོང་བའི་འགན་ཁུར་བ་དང་ཆོས་དབང་གིས་བུད་མེད་ཁ་ཤས་ཀྱི་སྣེ་ཁྲིད་དེ་བཟོ་ཁང་དུ་སྨན་སྤོས་བཟོ་གི་ཡོད།

    གཉེན་སྒྲིག་བྱས་རྗེས། བློ་བཟང་གིས་གྲོང་ཚོའི་རྩིས་པའི་འགན་ཁུར་བ་དང་ཆོས་དབང་གིས་ཇ་ཁང་དང་ཚོང་ཁང་ཆུང་ཆུང་ཞིག་བཙུགས་པས། སྤྱིར་ན་འཚོ་བ་སྣང་དག་མེད། ཐེངས་ཤིག་ལྷ་སར་ཚོང་ཟོག་འཐེན་པར་སྐྱོད་སྐབས་ཁོང་གཉིས་ཀྱིས་སྨན་རྩིས་ཁང་དུ་ལས་ཀ་བྱེད་པའི་གཅུང་པོ་དང་ལས་རོགས་གཞན་དག་གིས་སྨན་སྤོས་ཀྱི་སྐོར་གླེང་བ་མ་ཟད། གལ་སྲིད་སྨན་སྤོས་ཀྱི་ཐོག་མའི་སྦྱོར་རྟ་བྱེད་སྟངས་ཤེས་ན་ཚོང་ཧ་ཅང་ཡག་པོ་ཡོང་ངེས་ཡིན་མོད། འོན་ཀྱང་དེའི་ནང་གི་སྨན་རྩྭ་ཁག་གཅིག་གི་ཐོན་ཚད་ཧ་ཅང་དམའ་པོ་རེད་ཅེས་གླེང་བ་ཐོས།

    གནས་ཚུལ་དེ་ཐོས་རྗེས་ཆོས་དབང་གིས་རང་ཉིད་གནས་སའི་རྨམ་པ་ལུང་ཤུར་དུ་བོད་སྨན་གྱི་སྨན་རྒྱུ་ཕུན་སུམ་ཚོགས་པ་དང་། སྐད་གྲགས་ཡོད་པའི་དགོན་སྡེ་གཉིས་དང་ཆུ་ཚན་གཅིག་ཡོད་པས། ལོ་ལྟར་ཡུལ་སྐོར་བ་མང་པོ་ཞིག་དེ་གར་ཡུལ་སྐོར་ལ་ཡོང་བ་དང་། སྨན་སྤོས་བཟོ་བའི་རྨང་གཞི་དང་བྲིན་ཚོང་གི་ཆ་རྐྱེན་ཡག་པོ་ཡོད་པ་བསམ་བློར་འཁོར། ཆོས་དབང་གིས་བློ་བཟང་ལ་ལས་གཏོད་བྱེད་འདོད་པའི་བསམ་ཚུལ་བཤད་པར་བློ་བཟང་གིས་ཀྱང་མོས་མཐུན་བྱས། སྐབས་དེར་གྲོང་སྡོད་ལས་དོན་རུ་ཁག་ཁག་དང་པོ་བཅའ་སྡོད་བྱས་པ་དང་ཏག་ཏག་འཁེལ་བས་བློ་བཟང་གིས་ཀྱང་ལས་དོན་རུ་ཁག་ལ་རང་ཉིད་ཀྱི་བསམ་ཚུལ་བཤད་པ་དང་དེར་ལས་དོན་རུ་ཁག་གི་རྒྱབ་སྐྱོར་ཆེན་པོ་ཐོབ།

    དེར་བརྟེན་བཟའ་ཚོ་གཉིས་ཀྱིས་ལོ་མང་རིང་བསགས་པའི་དངུལ་སྒོར་ཁྲི་20བཏོན་པ་དང་། སླར་ཡང་དུད་ཚང་དབུལ་པོ་བདུན(དུད་ཚང་རེས་སྒོར་5000བཏོན་པ)མ་འཇོག་ནང་བཅུག་སྟེ། 2010ལོར་འབྲི་གུང་རྭ་སེའི་སྨན་སྤོས་ལས་སྣོན་མཉམ་ལས་ཁང་བཙུགས་པ་རེད། མཉམ་ལས་ཁང་བཙུགས་པའི་ལོ་དང་པོར་ཁོང་ཚོས་སེམས་ནུས་གཙོ་བོ་སྨན་སྤོས་ཀྱི་ཐོག་མའི་སྦྱོར་རྟ་བྱེད་སྟངས་འཚོལ་ཞིབ་བྱ་རྒྱུར་བཞག་ཅིང་། འབྲི་གུང་མཐིལ་དགོན་གྱི་གསུང་རབ་ནང་ནས་ཁུངས་སྣེ་ཁ་ཤས་རྙེད་པ་དང་། གཅུང་པོའི་རོགས་རམ་འོག་སྨན་སྤོས་སྦྱོར་རྟ་བྱེད་སྟངས་ཤིག་གྲུབ་འབྲས་ཐོབ་པའི་སྒོ་ནས་སླར་བཟོ་ཐུབ་ཡོད། སྦྱོར་རྟ་བྱེད་སྟངས་ཤེས་ཀྱང་གྲ་སྒྲིག་བྱས་པའི་དངུལ་རྣམས་ཧ་ལམ་རྫོགས། དེས་ན་མ་བཅོས་རྒྱུ་ཆ་ཉོ་བ་དང་ཐོན་སྐྱེད་སྒྲིག་འཛུགས་བྱ་ཆེད། ཆོས་དབང་གིས་ཉེ་རིང་གང་སར་ཡོད་པའི་གཉེན་ཉེ་དང་གྲོགས་པོ་ཚང་མའི་ས་ནས་དངུལ་གཡར།

    བྱ་གཞག་གསར་གཏོད་བྱས་པའི་ཐོག་མར་དཀའ་ངལ་དང་བར་ཆད་སྣ་ཚོགས་འཕྲད་རྒྱུ་ཡིན་པ་ནི་ལྡོག་ཐབས་མེད་པ་ཞིག་རེད། གང་ལགས་ཤེ་ན། གྲུབ་འབྲས་གཏོད་པའི་ལམ་བུའི་ཐོག་བྱ་བ་ཐམས་ཅད་ལམ་ལྷོངས་ཡོང་མི་སྲིད། བློ་བཟང་བཟའ་ཚོ་གཉིས་ལའང་མ་གཞི་དཀའ་ངལ་སྣ་ཚོགས་འཕྲད་མོད། འོན་ཀྱང་བཟའ་ཚོ་གཉིས་པོར་གདེང་ཚོད་དང་ངར་ཤུགས་ཀྱིས་ཁེངས་ཤིང་། དཀའ་སྤྱད་འབད་བརྩོན་བྱས་ན་གཡུར་ཟའི་གྲུབ་འབྲས་ཐོབ་ངེས་ཡིན་པ་ཁོ་གཉིས་ལ་ཡིད་ཆེས་ཆེན་པོ་ཡོད།

    “ལག་ཤེས་བཟོ་ལས་ཀྱི་ལས་རིམ་ནན་པོ་དང་། ཐུན་མོང་མ་ཡིན་པའི་སྦྱོར་རྟ་བྱེད་སྟངས། དེ་བཞིན་སྲོག་ཆགས་ཀྱི་དྲི་ཞིམ་རྫས་གང་ཡང་མ་བསྲེས་པ་བཅས་ལས་སྨན་སྤོས་ལ་མཐོང་ཆེན་པོ་ཐོབ་པ་དང་ལྷག་པར་དུ་འབྲི་གུང་སྨན་སྤོས་ལ་དེ་བས་ལོ་རྒྱུས་ཡུན་རིང་ལྡན་ཡོད”གསར་འགོད་པའི་མདུན་དུ་བསྡད་པའི་བློ་བཟང་གིས་མ་གཞི་རྒྱ་སྐད་ཡག་པོ་ཤོད་མི་ཤེས་ཀྱང་སྨན་སྤོས་ལ་དགའ་ཞེན་ཡོད་པ་བལྟས་པ་ཙམ་གྱིས་ཤེས། ཆོས་དབང་གིས་གསར་འགོད་པར། ཉི་སྐམ་གཏོང་བའི་བརྒྱུད་རིམ་ཡང་ཧ་ཅང་གལ་འགངས་ཆེན་པོ་ཡིན་པས། དུས་ཡུན་རིང་པོ་ཉི་མར་སྐམ་མི་རུང་བར་ཉི་འོད་འདང་ངེས་ཡོད་ལ་དྲོད་ཚད་ཀྱང་མཐོ་པོ་མེད་པའི་ས་ཆར་སྐམ་དགོས། དེ་ནི་སྨན་སྤོས་ཀྱི་མ་བཅོས་རྒྱུ་ཆ་སྦྱོར་རྟ་བྱེད་པའི་བརྒྱུད་རིམ་ནང་ཆུ་མང་པོ་བསྲེས་མེད་པའི་རྐྱེན་གྱིས་རེད། དེ་ལྟར་བྱས་ན་སྨན་སྤོས་ཀྱི་དྲི་མ་དེ་བས་ཞིམ་པ་ཡོང་གི་རེད་ཅེས་བཤད།

    “འཇོན་ཐང་ཆེ་རུ་གཏོང་ཆེད། ང་ཚོས་དེ་སྔོན་ལྗོངས་ནང་ཁུལ་གྱི་ས་གནས་ཁག་གི་བོད་སྨན་དང་སྨན་སྤོས་བཟོ་སར་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཐེངས་མང་བསྐྱོད་པ་ཡིན། སློབ་སྦྱོང་བྱས་པ་བརྒྱུད། ཚན་རིག་དང་མཐུན་པའི་དོ་དམ་བྱེད་སྟངས་དང་སྔོན་ཐོན་གྱི་ལས་གཏོད་བསམ་ཕྱོགས་རིམ་བཞིན་ཁོང་དུ་ཆུད་སོང་། ཏང་གི་དམངས་ཕྱུག་སྲིད་ཇུས་ཀྱི་ལྕག་སྐུལ་དང་རྫོང་དང་། ཤང་། གྲོང་ཚོ། གྲོང་སྡོད་ལས་དོན་རུ་ཁག་བཅས་ཀྱི་ཤུགས་ཆེའི་རྒྱབ་སྐྱོར་འོག་ཁོར་ཡུག་སྲུང་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོང་ལ་གཞི་ཚུགས་པས་འབབ་འཕར་ཕྱུག་འགྱུར་གྱི་ལམ་བུ་ཇེ་ཡངས་སུ་ཕྱིན་སོང་། ད་ཆ་མཉམ་ལས་ཁང་གིས་སྨན་སྤོས་ཀྱི་ཐོན་རྫས་རིགས་8གསར་སྤེལ་བྱས་ནས་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་། ཡུལ་སྐོར་མཛེས་ལྗོངས་ཁུལ། ས་གཙང་བདེ་ཐང་ཐོན་ལས་ཕྱིར་ཚོང་བྱ་ཡུལ་བཅས་ཚང་མར་འཚོང་གི་ཡོད”ཅེས་བློ་བཟང་གིས་བཤད།

    མི་དེ་བས་མང་བ་ལས་ཞུགས་དང་འབབ་འཕར་ཕྱུག་འགྱུར་ཡོང་བར་སྐུལ་ཁྲིད་བྱ་ཆེད། ཉེ་བའི་ལོ་ཤས་རིང་མལ་གྲོ་གུང་དཀར་རྫོང་གིས་དབུལ་སྐྱོར་མ་དངུལ་སྒོར་ཁྲི་58བཏང་ནས་མཉམ་ལས་ཁང་གི་བཟོ་ཁང་བསྐྲུན་པ་དང་། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་མ་དངུལ་སྒོར་ཁྲི་10བཏང་ནས་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་གཏོང་རོགས་བྱས་པ་དང་ཆབས་ཅིག བུད་མེད་ལས་ཞུགས་ལ་སྐུལ་ཁྲིད་ཀྱང་བྱས་ཡོད། ད་ཆ་སྨན་སྤོས་དེའི་བཟོ་རྩལ་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་ལ་བདམས་པ་དང་། ད་དུང་མཉམ་ལས་ཁང་ལྷ་ས་གྲོང་ཁྱེར་གྱི་རིག་གནས་ཐོན་ལས་དཔེ་སྟོན་རྟེན་གཞི་ཁག་དང་པོར་བདམས་པ་རེད། བོད་དུ་ཡུལ་སྐོར་ལས་རིཌ་དར་བ་དང་ཆབས་ཅིག སྨན་སྤོས་ལའང་མི་རྣམས་ཀྱིས་རིམ་བཞིན་རྒྱུས་མངའ་བྱུང་ཞིང་། སྨན་སྤོས་ཀྱི་ཐོན་རྫས་དེ་བས་མང་བ་གསར་སྤེལ་བྱས་ཏེ་ཡུལ་སྐོར་དྲན་རྟེན་དངོས་རྫས་སུ་བརྩིས་ནས་བྲིན་ཚོང་བྱེད་ཀྱི་ཡོད་པས། མཉམ་ལས་ཁང་གི་སྨན་སྤོས་ཀྱི་ཚོང་ཡང་ཉིན་རེ་ལས་མ་འདས་པར་ཡག་ཏུ་འགྲོ་གི་ཡོད། ནན་ཅིང་གི་བོད་སྐྱོར་ལས་དོན་ཚོགས་ཆུང་གིས་སྒྲིག་འཛུགས་བྱས་ནས་གཉེར་བའི“སྐལ་བཟང་མེ་ཏོག་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར”ཐོག་རིག་གནས་སྤེལ་རེས་དང་། ལས་ཞུགས་རོགས་སྐྱོར། ཤེས་ལྡན་མི་སྣ་གསོ་སྦྱོང་། ཐོན་ལས་མཉམ་ལས་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་ནན་ཅིང་བ་དེ་བས་མང་བས་བོད་ཀྱི་དབུས་རྒྱུད་དུ་གནས་པའི་མལ་གྲོ་གུང་དཀར་རྫོང་གི་མཛེས་སྡུག་ཤེས་རྟོགས་དང་དེར་དགའ་པོ་ཡོང་བར་བྱས་པ་དང་། སྤུས་ལེགས་མལ་གྲོའི་ཁྱད་ལྡན་ཐོན་རྫས་ནན་ཅིང་གི་དྲ་ཐོག་དང་དྲ་ཕྱིར་བྲིན་ཁ་རྒྱུག་པོ་བྱུང་ཡོད། “‘སྐལ་བཟང་མེ་ཏོག་བཞད། ནན་ཅིང་དང་མལ་གྲོའི་གཟའ་འཁོར’ལ་ཞུགས་པ་བརྒྱུད། འབྲི་གུང་རྭ་སེའི་བུད་མེད་ཀྱི་སྨན་སྤོས་སྤུས་རྟགས་ཀྱི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་ནས་2021ལོར་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི་30ལྷག་ཙམ་ཟིན་ཡོད”ཅེས་བློ་བཟང་གིས་དགའ་སྤྲོའི་ངང་བཤད།

    ཁྱོ་ཤུག་སེམས་པ་མཐུན་གྱུར་ན། མི་འགྲུབ་བྱ་བ་ཡོད་མ་ཡིན། བློ་བཟང་དང་ཆོས་དབང་གིས་ཕན་ཚུན་རོགས་སྐྱོར་བྱས་པའི་གཏམ་རྒྱུད་ལས་མི་མང་པོར་སེམས་འགུལ་ཆེན་པོ་ཐེབས་པ་མ་ཟད། ཚང་མར་མཉམ་ལས་གཉིས་ཕན་དང་འཕེལ་རྒྱས་ཕྱུག་འགྱུར་བྱ་རྒྱུའི་ལྕག་སྐུལ་ཡང་ཐེབས་ཡོད།

    21588586-6e40-4659-affa-009f4c5e2ccf.jpg.jpg

    འདི་ནི་ཆོས་དབང་གིས་ཐད་གཏོང་བརྒྱུད་སྨན་སྤོས་འཚོང་བཞིན་པ།

    a1342a2e-1357-4279-95d5-f54830b28fad.jpg.jpg

    འདི་ནི་ས་གནས་དེ་གའི་སློབ་ཆུང་སློབ་མ་དང་བློ་བཟང་གིས་མཉམ་དུ་སྨན་སྤོས་བཟོ་སྟངས་ཉམས་ལེན་བྱེད་བཞིན་པ།

    1808ede0-e64e-4ec9-b8a6-3ca32a75c87c.jpg.jpg

    འདི་ནི་ས་གནས་དེ་གའི་ཡུལ་མི་མཉམ་ལས་ཁང་དུ་ལས་ཞུགས་ཐུབ་པ།

    053353c7-c366-4250-a318-5e9d8c4e16e4.jpg.jpg

    འདི་ནི་ཆོས་དབང་གིས་ས་གནས་དེ་གའི་བུད་མེད་ཀྱི་ཡོང་འབབ་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པ།

    74f7dc24-19f9-4eb8-a723-e0010d0ec7ed.jpg.jpg

    འདི་ནི་ཆོས་དབང་གིས་ས་གནས་དེ་གའི་བུད་མེད་ལ་སྨན་སྤོས་བཟོ་སྟངས་སློབ་བཞིན་པ།

    25023975-459c-480b-9bc5-f395e2b54408.jpg.jpg

    འདི་ནི་ཆོས་དབང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་གསོ་སྦྱོང་ལ་ཞུགས་པ།

    bd379d73-a000-4ad7-bce3-379e7abb8e41.jpg.jpg

    འདི་ནི་མཉམ་ལས་ཁང་ནས་གྲོང་མིར་ཁེ་སྤོགས་བགོ་འགྲེམས་རྒྱག་བཞིན་པ། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།