དབུ་ཤོག>ཞིང་འབྲོག་གསར་པ།
  • ས་མཐོའི་གང་སར་དཔྱིད་དཔལ་རབ་ཏུ་བཞད། ཞིང་པ་མང་ཚོགས་དཔྱིད་རྨོད་ལས་ལ་བྲེལ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2022-03-18

    1811975_yis_1647532800000_s.jpg

    འདི་ནི་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་དར་རྒྱས་ཤང་དར་རྒྱས་གྲོང་ཚོར་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོག་བཞིན་པ།

    ཟླ་གསུམ་པར་ཡར་ཀླུང་གཙང་པོའི་ལུང་ཤུར་དུ་སྐྱེ་སྟོབས་ཀྱི་དཔལ་འབར་བའི་དཔྱིད་ཀྱི་དཔལ་ཡོན་བཞད་ནས་རྒྱ་ལྕང་གི་མྱུ་གུ་རྒྱས་པ་དང་། ས་ཞིང་གི་གསེར་ཡོངས་སུ་ལངས། མཛེས་སྡུག་ལྡན་པའི་ཡར་ཀླུང་གཙང་པོས་དཔྱིད་ཀྱི་རྣམ་པ་མངོན་བཞིན་ལྷུང་ལྷུང་དུ་རྒྱུག བོད་ཀྱི་གནམ་རིག་སྐར་རྩིས་ལྟར་ན། ཚེས་16ཉིན་ཟོར་ཐོང་འཛོམས་པས་རྨོད་གཉའ་གཅོག་ན་ལེགས་ཞེས་ལོ་ཐོའི་ནང་འཁོད་ཡོད་པས་ཞིང་ནང་དུ་རྨོ་འདེབས་ལས་ལ་བྲེལ་བཞིན་ཡོད།

    “ལོ་ལྟར་དཔྱིད་རྨོད་འགོ་ཚུགས་མཛད་སྒོར་ཚང་མས་མཐོང་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད། ཉིན་དེར་ས་བོན་བཏབ་པ་དེ་ཐོག་ནས་དཀའ་སྤྱད་འབད་འབུངས་ཀྱི་ལོ་གཅིག་དངོས་སུ་འགོ་ཚུགས་པ་མཚོན་གྱི་ཡོད”ཅེས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་སྨོན་གྲོང་སྒང་སྡེ་ཁུལ་གྱི་དངོས་གྲུབ་རྡོ་རྗེས་བཤད། བོད་ཀྱི་མཁར་ལ་སྔ་བ་ཡུམ་བུ་བརླ་མཁར་ཡིན་པ་དང་དེའི་འདབས་སུ་བོད་ཀྱི“ཞིང་ཁ་དང་པོ”དེ་ཆགས་ཡོད།

    ས་གནས་དེ་གའི་མིའི་ཤོད་སྲོལ་ལྟར་ན། ལོ་ངོ་2100ལྷག་ཙམ་གྱི་གོང་རོལ་དུ་བོད་རིགས་ཀྱི་མེས་པོ་ཚོས་ཡུམ་བུ་བརླ་མཁར་གྱི་ལྷོ་ངོས་སུ་ཞིང་ཁ་དེ་གསར་སྦོལ་བྱས་ནས་འབྲུ་རིགས་བཏབ་པས་བོད་ཀྱི་རྨོ་འདེབས་ཤེས་དཔལ་གྱི་འགོ་ཐོག་མ་དེ་ནས་ཚུགས་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

    སྔ་དྲོའི་ཆུ་ཚོད་10པར་ཞིང་ནང་དུ་འཁྲུག་ཆ་ཧ་ཅང་དོད་ཅིང་སྨོན་གྲོང་སྒང་སྡེ་ཁུལ་གྱི་གྲོང་མི་བརྒྱ་ལྷག་ཙམ་གྱིས་གཟབ་མཆོར་ལེགས་པར་སྤྲས་པ་དང་རྒན་སྐྱོར་བྱིས་ཁྲིད་ཀྱིས་མཉམ་དུ་འཛོམས་ནས་དཔྱིད་རྨོད་མཛད་སྒོར་དཔང་པོ་བྱས།

    འདས་ཟིན་པའི་དུས་ཡུན་རིང་པོའི་ནང་རྨོན་མཛོ་ནི་སོ་ནམ་གྱི་གཙོ་ཤུགས་ཤིག་ཡིན་པ་དང་། “རྨོན་མཛོ་དོར་སྦྲེལ”གྱིས་དུས་རབས་ཤིག་མཚོན་གྱི་ཡོད། དེ་རིང་སྨོན་གྲོང་སྒང་དུ་ཞིང་ལས་འཕྲུལ་ཆས་ཅན་དུ་གྱུར་ཚད་100%ཟིན་ཡོད་མོད། འོན་ཀྱང་དཔྱིད་རྨོད་མཛད་སྒོའི་ཐོག་མི་རྣམས་ཀྱིས་ད་དུང་འདྲ་བཟོས་རྨོན་མཛོའི་མགོ་ཡིས་འདྲུད་འཐེན་འཕྲུལ་འཁོར་ལ་མཛེས་རྒྱན་སྤྲས་པ་དང་འབྲེལ་འཕྲུལ་འཁོར་གྱི་མཐའ་འཁོར་དུ་ཁ་བཏགས་གཡོགས་ནས་སྲོལ་རྒྱུན་གྱི་ས་ཞིང་རྨོ་སྟངས་ལ་དྲན་གསོ་ཞུ་བ་དང་ཆབས་ཅིག་ལོ་གསར་པའི་ནང་ཆར་ཆུ་དུས་སུ་འབབ་པའི་སྨོན་འདུན་ཡང་ཞུ་གི་ཡོད།

    “དཔྱིད་རྨོད་དང་སྟོན་བསྡུ་ནི་ཞིང་པའི་ངོས་ནས་བརྗོད་ན་དོན་ཆེན་ཞིག་ཡིན་པས། ས་ཐག་ཇི་ཙམ་ཆོད་རུང་ཚང་མས་ཁྱིམ་དུ་ལོག་ནས་རོགས་པ་བྱེད་ཀྱི་ཡོད། ཐུང་ན་ཟླ་ཕྱེད་དང་རིང་ན་ཟླ་བ་གཅིག་འགོར་གྱི་ཡོད། སྔོན་ཆད་ས་ཞིང་རྨོ་བ་དང་། ས་ཁོད་སྙོམས་པ། ས་ཞིང་འདེབས་པ་བཅས་ཚང་མ་མི་དང་ཕྱུགས་ལ་བརྟེན་དགོས། ཞིང་པའི་ཡོང་འབབ་ཚང་མ་ཞིང་ནང་དུ་ཡོད”ཅེས་དངོས་གྲུབ་རྡོ་རྗེས་བཤད།

    2013ལོར་སྲིད་གཞུང་གིས་ཁ་གསབ་སྒོར་6000ལྷག་ཙམ་སྤྲད་པར་དངོས་གྲུབ་རྡོ་རྗེས་འདྲུད་འཐེན་འཕྲུལ་འཁོར་ཞིག་ཉོས། དུས་དེ་ནས་བཟུང་རྨོན་མཛོར་བརྟེན་དགོས་མེད་པ་དང་། དངོས་གྲུབ་རྡོ་རྗེ་ཡང་བྲེལ་བརྩོན་ཆེ་བའི་ཞིང་ལས་ཁྲོད་ནས་བཅིངས་འགྲོལ་ཐོབ་སྟེ་ཕྱིར་གླ་པར་བསྐྱོད་པས་ཁྱིམ་གྱི་དཔལ་འབྱོར་ཆ་རྐྱེན་རིམ་བཞིན་ཡག་ཏུ་ཕྱིན་ཡོད། “ད་ཆ་བརྔ་བསྡུ་འཕྲུལ་འཁོར་དང་། སོན་འདེབས་འཕྲུལ་འཁོར། རྨོ་སློག་འཕྲུལ་འཁོར་བཅས་ཀྱིས་ཉིན་གཅིག་ནང་ངའི་ཁྱིམ་གྱི་ས་ཞིང་མུའུ་28ཀྱི་ལས་ཀ་ཚང་མ་ཚར་གྱི་ཡོད”ཅེས་བཤད།

    ཉི་མ་ཤར་ནས་གང་ཙམ་སོང་རྗེས་དཔྱིད་རྨོད་མཛད་སྒོའི་གྲ་སྒྲིག་ལེགས་གྲུབ་ཟིན་པས། སྨོན་གྲོང་སྒང་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དབྱངས་ཅན་སྒྲོལ་དཀར་གྱིས“རྨོ་འདེབས་འགོ་ཚུགས་རྒྱུ་ཡིན”ཞེས་བཤད་པ་དང་ཆབས་ཅིག་འདྲུད་འཐེན་འཕྲུལ་འཁོར་14ཡིས་འུར་སྒྲ་དང་བཅས་ས་རྒྱུ་གཤིན་པའི་ས་ཞིང་རྣམས་ལེགས་པར་རྨོས།

    “ལོ་ལྟར་དཔྱིད་རྨོད་སྐབས་སུ་འཁྲུག་ཆ་དོད་པའི་རྣམ་པ་འདི་འདྲ་མཐོང་རྒྱུ་ཡོད། རྒྱུན་དུ་ན་གཞོན་ཚོས་ཕྱིར་གླ་པར་བསྐྱོད་པས་མི་མང་པོ་འདི་འདྲ་འཛོམས་ཐུབ་ཀྱི་མེད”ཅེས་དབྱངས་ཅན་སྒྲོལ་དཀར་གྱིས་བཤད།

    ཕྱིར་གླ་པར་སྐྱོད་པ་དང་། ཚོང་རྒྱག་པ། སྐྱེལ་འདྲེན་བྱེད་པ་བཅས་ལ་བརྟེན་ནས་ད་ཆ་སྨོན་གྲོང་སྒང་སྡེ་ཁུལ་གྱི་མང་ཚོགས་ཀྱི་ཡོང་འབབ་སྔ་ས་ནས་ཞིང་ལས་ཁོ་ནར་བརྟེན་མི་དགོས་པར་དེ་བས་ཆེ་བའི་གར་སྟེགས་ཐོག་བསྐྱོད་ནས་ཁོང་ཚོའི་ཕྱུག་འགྱུར་གྱི་ལམ་བུ་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ཡོད། ཡུམ་བུ་བརླ་མཁར་མཛེས་ལྗོངས་ཁུལ་དུ་ཡུལ་སྐོར་ཞབས་ཞུ་དང་གཏེར་ཆུ་ཀུང་སི་བཙུགས་ནས་མཉམ་སྡེབ་དཔལ་འབྱོར་རྒྱུན་ཆད་མེད་པར་སྟོབས་ཆེར་བཏང་བ་མ་ཟད། ད་དུང་མང་ཚོགས་ལ་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱས་ཡོད། 2021ལོར་སྨོན་གྲོང་སྒང་སྡེ་ཁུལ་གྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.2ཟིན་ཡོད།

    2021ལོར་བོད་ཀྱི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་106.5ཟིན་པ་དང་ཞིང་ལས་སྐྱེ་དངོས་འདེབས་འཛུགས་དང་བརྔ་བསྡུ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་གྱུར་ཚད་66.1%ཟིན་ཡོད། ཚན་རིག་དང་མཐུན་པའི་སོ་ནམ་བྱེད་སྟངས་ཕུད་ད་དུང་སྔོན་ཐོན་གྱི་ཞིང་འཕྲུལ་སྤྱད་པས་བོད་ཀྱི་འབྲུ་རིགས་ཐོན་འབབ་ལོ་7བསྟུད་མར་ཏུན་ཁྲི་100ཡན་བརྟན་པོ་ཡོང་བའི་འགན་ལེན་བྱུང་ནས་གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

    1811977_yis_1647532800000_s.jpg

    འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ཞོལ་པ་སྡེ་ཁུལ་གྱིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོག་བཞིན་པ།

    1811981_yis_1647532800000_s.jpg

    འདི་ནི་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ཁེ་གསུམ་སྡེ་ཁུལ་གྱིས་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོ་འཚོག་བཞིན་པ།

    1811979_yis_1647532800000_s.jpg

    འདི་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་ཚར་པ་ནང་གི་གྲོང་མི་དཔྱིད་རྨོད་དཔྱིད་འདེབས་ཀྱི་མཛད་སྒོར་ཞུགས་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།