བོད་ཀྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བརྟན་པོ་བཏང་བའི་སྐོར་གྱི་སྒྲིལ་གླེང་།
ཁ་བས་བཀླུབས་པའི་ལྷ་ས།
འདས་པའི་ལོ་གཅིག་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་ཏུ་དམ་པོར་བཟུང་བ་དང་ཕྲག་ཏུ་ཁུར་ནས་བྱ་སྤྱོད་དུ་ཏན་ཏིག་འཁྱོལ་བར་བྱས་པ་དང་། བོད་ཀྱི་རིམ་ཁག་སྡེ་ཚན་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ། ཐོན་ལས་ལས་ཞུགས་ལ་རོགས་སྐྱོར་དང་། སློབ་གསོ། སྨན་བཅོས་འགན་བཅོལ་དང་སྤྱི་ཚོགས་འགན་བཅོལ་ལ་ཕྱོགས་བསྡུས་འགན་ལེན་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་པས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་བརྟན་དུ་ཕྱིན་པ་དང་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་བརྟན་པོ་ཐེབས་པ་རེད།
འབྲེལ་མཐུད་ནུས་ལྡན——
དབུལ་ལོག་གི་ཉེན་ཁ་རྦད་དེ་བསལ་བ།
རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་གྱིས་ཐོག་མཐའ་བར་གསུམ་དུ་ཚད་གཞི་ནན་པོ་དང་བྱ་ཐབས་ཏན་ཏིག་མཐའ་འཁྱོངས་བྱས་ཤིང་། དབུལ་ལོག་སྔོན་འགོག་གི་སྟབས་བསྟུན་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་གྱི་ལམ་སྲོལ་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་སྟེ། མ་བྱུང་སྔོན་འགོག་དང་། རོགས་སྐྱོར་གནད་སྨིན། ཐབས་མང་མཉམ་སྤྱོད། ཇུས་ཤུགས་མཉམ་འདོན་བཅས་བྱས་ནས། གཞི་ཁྱོན་ལྡན་པའི་དབུལ་ལོག་མི་ཐོན་པའི་མཐའ་ཚད་སེམས་ཐག་གཙང་བཅད་ཀྱིས་བསྲུངས་པ་རེད། 2021ལོའི་ཟླ་12ཚེས་31ཉིན་བར་རིམ་རྩིས་བྱས་ན། ལྟ་ཞིབ་ཚད་ལེན་བྱ་ཡུལ་དུད་ཚང་6754ཡི་མི་28167དབྱེ་འབྱེད་བྱས་ནས་དུད་ཚང་4583གྱི་མི་19122ཀྱི་དབུལ་ལོག་ཉེན་ཁ་བསལ་བ་རེད།
གཙོ་གནད་དམིགས་སར་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པར་ཐབས་ཤེས་ངོ་མ་བཏོན་ཅིང་། དབུལ་སྒྲོལ་བརྟན་པོ་མ་བྱུང་བའི་དུད་ཚང་དང་། ཐག་རིང་ལུང་ཁུག་གི་དབུལ་པོར་འགྱུར་སླ་བའི་དུད་ཚང་། ཐོལ་བྱུང་ཚབས་ཆེའི་དཀའ་ངལ་ཆེ་བའི་དུད་ཚང་བཅས“མི་སྣ་རིགས་གསུམ”ལ་དམ་པོར་དམིགས་ནས་གནད་སྨིན་དབྱེ་འབྱེད་དང་། རོགས་སྐྱོར་ནུས་ལྡན། ཉེན་ཁ་ཀུན་སེལ་བཅས་ཀྱི“འགག་རྩ་གསུམ”ལ་དམ་འཛིན་དང་། ཉེན་ཟོན་སྔོན་བརྡ་དང་། དབྱེ་ཞིབ་བརྡར་གཅོད། མཐུན་སྦྱོར་ཐག་གཅོད་བཅས་ཀྱི“ལམ་སྲོལ་གསུམ”བཟོས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཟླ་རེར་བཀོད་གཏོང་དང་དུས་ཚིགས་རེར་བརྡ་ཁྱབ་གཏོང་བ་བཅས་ཀྱིས་སྔ་ཙམ་སྔོན་བརྡ་གཏོང་བ་དང་། སྔ་ཙམ་དབྱེ་འབྱེད། སྔ་ཙམ་ལྟ་ཞིབ་ཚད་ལེན། སྔ་ཙམ་རོགས་སྐྱོར། སྔ་ཙམ་ཉེན་ཁ་སེལ་བ་བཅས་བྱས་ཏེ། ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་འཇུག་དགོས་རིགས་འཇུག་པ་དང་། གནད་སྨིན་རོགས་སྐྱོར། སྟབས་བསྟུན་གཙང་བཟོ་བཅས་བྱས་པ་རེད།
དམིགས་བསལ་ཚོགས་སྤྱིའི་ཐ་སྐྱོང་འགན་ལེན་ལ་འབད་པ་ལྷོད་མེད་བྱས་ཤིང་། ངལ་རྩོལ་ནུས་པ་ཡོད་རིགས་ལ་གསར་སྤེལ་རྣམ་པའི་རོགས་སྐྱོར་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ། ཐོན་ལས་དང་ལས་ཞུགས་སོགས་ཀྱི་རོགས་སྐྱོར་དུས་ཐོག་ཏུ་བྱས་ནས་རང་ངོས་ཀྱི་འཕེལ་རྒྱས་དང་ཕྱུག་འགྱུར་གྱི་འཇོན་ཐང་ཆེ་རུ་བཏང་བ་དང་། ངལ་རྩོལ་ནུས་པ་མེད་པའི་རིགས་ལ་ཐ་སྐྱོང་འགན་ལེན་གྱི་སྲིད་ཇུས་དོན་འཁྱོལ་ཏན་ཏིག་བྱས་ཡོད། 2021ལོར་ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ཚད་གཞི་སྟེ་མི་རེར་ལོ་རེར་སྒོར་4713ནས་སྒོར་5060བར་མཐོ་རུ་བཏང་བ་དང་། གཅིག་སྡུད་བསྙེན་བཀུར་དང་གྲོང་གསེབ་ཀྱི་ཁ་ཐོར་བསྙེན་བཀུར་བྱ་ཡུལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་སོ་སོར་ལོ་རེར་རོགས་སྐྱོབ་བསྙེན་བཀུར་ཚད་གཞི་སྟེ་སྒོར་1703དང་སྒོར་520མཐོ་རུ་བཏང་བ་བརྒྱུད་སྒོར་14916དང་སྒོར་7590ཟིན་ཡོད།
གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་ལ་ཕན་འབྲས་ངོ་མ་ཐོབ་པར་བྱས་ཤིང་། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་དབུལ་སྒྲོལ་མི་འབོར་ཁྲི་26.6རང་ས་རང་ཡུལ་ནས་བྲལ་བ་དང་ཡུལ་གཞན་དུ་གནས་སྤོ་བྱས་ཡོད། གནས་སྤོའི་མང་ཚོགས་གཞིས་ཆགས་ཐུབ་པ་དང་། སེམས་གནས་ཐུབ་པ། མཉམ་འདྲེས་ཐུབ་པ། ལས་ཞུགས་ཐུབ་པ། ཕྱུག་པོར་འགྱུར་ཐུབ་པ་བཅས་ལ་འགན་ལེན་ཇི་ལྟར་བྱེད་པ་ནི་འབྲེལ་ཡོད་སྡེ་ཚན་གྱི་ཁ་ཚ་དགོས་གཏུག་གི་ལས་འགན་གྱི་གྲས་ཤིག་ཏུ་གྱུར་ཡོད། གནས་སྤོས་དབུལ་སྐྱོར་གྱི“ལས་དོན་ཕྱི་མ”མུ་མཐུད་ཡག་པོ་སྒྲུབ་ཆེད། 2021ལོར་རང་ལྗོངས་ཀྱིས་ཡུལ་གཞན་དུ་གནས་སྤོས་ཀྱི་རྗེས་མཐུད་རོགས་སྐྱོར་རྣམ་གྲངས་293བཀོད་སྒྲིག་བྱས་པར་མ་དངུལ་སྒོར་དུང་ཕྱུར་30.86བཏང་བ་དང་། ལེ་ལག་ཚང་བའི་ཐོན་ལས་2300བསྐྲུན་པར། གནས་སྤོས་མང་ཚོགས་ཁྲི་6.2ཐག་ཉེ་སར་ལས་ཞུགས་ཐུབ་པ་དང་མི་ཁྲི་8.29ཕྱིར་གླ་པར་བསྐྱོད་པ། མཉམ་སྤོས་བུ་ཕྲུག་ཚང་མ་ཐག་ཉེ་སར་སློབ་ཞུགས་ཐུབ་པ། གནས་སྤོས་མང་ཚོགས་སྨན་བཅོས་འགན་བཅོལ་ལ་ཞུགས་ཚད་དང་སྨན་བཅོས་ཞབས་ཞུའི་གན་རྒྱ་འཇོག་ཚད་100%ཟིན་ཡོད། གྲངས་གཞི་ལས་མངོན་པར། ཉེ་བའི་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་དེ་སྔའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་37.9%ལྷག་ཙམ་གྱིས་རིམ་ཁག་ཐོན་ལས་རོགས་སྐྱོར་སྲིད་ཇུས་ལོངས་སུ་སྤྱོད་ཀྱི་ཡོད།
“མཚམས་མི་འཇོག་པ་བཞི”——
དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་ལ་དམ་འཛིན་ཡག་པོ་བྱས་པ།
སྦྱོང་དུས་སློབ་མཁན་ཡོད་པའི་ཆུ་ཚད་མཐོ་རུ་སོང་ཞིང་། སློབ་གྲྭར་འགྲོ་མཚམས་ཆད་མཁན་མང་དུ་མི་འགྲོ་བ་དང་བསྐྱར་ལོག་མི་ཡོང་བའི་ཆེད། སློབ་གྲྭར་འགྲོ་མཚམས་མི་ཆད་པར་བྱས་ནས་སློབ་གྲྭར་ཞུགས་ཚད་འགན་སྲུང་གི་འགུལ་རྣམ“གཙང་བཟོའི”གྲུབ་འབྲས་མུ་མཐུད་བརྟན་དུ་བཏང་བ་དང་། སློབ་གསོའི“འགན་ལེན་གསུམ”གྱི་ཚད་གཞི་སྟེ་ལོ་རེར་སློབ་མ་རེར་ཆ་སྙོམས་སྒོར་4200(འཚོ་བཅུད་ལེགས་གཏོང་འཆར་གཞི་ཚུད་མེད)ཟིན་པ། ལོ་ཧྲིལ་པོར“འགན་ལེན་གསུམ”གྱི་འགྲོ་གྲོན་སྒོར་དུང་ཕྱུར་28.31དོན་འཁྱོལ་བྱས་པ། ལྗོངས་ཡོངས་ནས་གཞི་རིམ་དུ་དགེ་རྒན་2070གཙོ་གནད་བསྡུས་པ་དང་མི་ཐེངས་ཁྲི་8.43གསོ་སྦྱོང་བྱས་པ། མ་དངུལ་སྒོར་དུང་ཕྱུར་12.6བཏང་ནས་འོས་འགན་སློབ་གསོའི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་ལེགས་སུ་བཏང་བ། ལྗོངས་ཡོངས་ཀྱི་སློབ་གྲྭ་ཚང་མར་སློབ་གསོའི་སྤྲིན་དྲ་སྦྲེལ་མཐུད་དང་སློབ་ཁང་ཚང་མར་བརྒྱུད་ལམ་སྣེ་མང་གི་སློབ་ཁྲིད་མཐའ་སྣེ་བཀོད་སྒྲིག་བྱས་པ། ཐག་རིང་ལུང་ཁུག་གི་སློབ་མས་ཀྱང་སློབ་གསོའི་ཐོན་ཁུངས་སྤུས་ལེགས་ལོངས་སྤྱོད་ཐུབ་ཡོད།
ན་དུས་སྨན་བཅོས་ཐུབ་ཚད་ཇེ་མཐོར་སོང་ཞིང་།“ནད་ཆུང་ཤང་ནས་བཅོས་ཐུབ་པ་དང་། ནད་འབྲིང་རྫོང་ནས་བཅོས་ཐུབ་པ། ནད་ཆེན་ལྗོངས་ནས་བཅོས་ཐུབ་པ”བཅས་ཀྱི་དམིགས་ཚད་མངོན་འགྱུར་ལ་གཞི་ཚུགས་ཏེ། སྨན་བཅོས་འགན་བཅོལ་གྱི་ཀུན་ཕན་སྲིད་ཇུས་ཕྱོགས་ཡོངས་ལ་ཁྱབ་པ་དང་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་ཀྱི་གཙོ་གནད་འགན་ལེན་བྱས་པ་དང་། འགན་བཅོལ་ལ་ཞུགས་མཁན་ལ་ལྗོངས་ནང་ཁུལ་གྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ནད་ཆེན་འགན་བཅོལ། སྨན་བཅོས་རོགས་སྐྱོབ་བཅས“གཅིག་འཐུས་རྣམ་པའི་ཞབས་འདེགས་དང་། སྐར་ཁུང་གཅིག་ནས་གཉེར་བ། ཤོག་གཅིག་ལམ་ལུགས་ཀྱི་རྩིས་ཞུ”བཅས་ལ་སྤྱི་འདོམས་ཕྱོགས་ཡོངས་ནས་མངོན་འགྱུར་བྱུང་སྟེ་ཞིང་སྒྲོལ་སྨན་བཅོས་དང་ཡུལ་གཞན་ནས་རྩིས་ཞུ་ཐུབ་པ། དབང་པོ་སྐྱོན་ཅན་ཚབས་ཆེན་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ། དྭ་ཕྲུག མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་སོགས་མི་ཚོགས་ལ་སྨན་བཅོས་འགན་བཅོལ་གྱི་མི་སྒེར་གྱི་འགན་བཅོལ་གྲོན་དངུལ་ཚང་མ་ཁ་གསབ་སྤྲོད་པ་དང་དབུལ་སྒྲོལ་མང་ཚོགས་ལ་འགན་བཅོལ་ལ་ཞུགས་པའི་གྲོན་དངུལ་བཅད་གྲངས་ཁ་གསབ་སྤྲད་པ། མ་མཐའི་འཚོ་བ་འགན་ལེན་བྱ་ཡུལ་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་དམའ་བའི་མི་འབོར་ལ་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་མི་སྒེར་ནས་བཏང་བའི་སྨན་བཅོས་འགྲོ་གྲོན་གྱི་རོགས་སྐྱོབ་བསྡུར་གྲངས་སོ་སོར་95%དང་90%ཟིན་པ། “ཚོགས་སྒྲིག་རྣམ་པའི”སྨན་བཅོས་བོད་སྐྱོར་གྲོང་ཁྱེར(ས་ཁུལ)6གི་རྫོང་13དུ་རྒྱ་སྐྱེད་བཏང་བ་དང་། སྨན་བཅོས་རིགས་གཅིག་མཁས་ཅན་104སྒྲིག་འཛུགས་བྱས་ནས་མངགས་པ། སྨན་བཅོས་ཞབས་ཞུའི་ཐོན་ཁུངས་སྤུས་ལེགས་གཞི་རིམ་མང་ཚོགས་ཀྱི་ཉེ་འགྲམ་དུ་བཀོད་སྒྲིག་བྱས་པ། ཁྱིམ་ཚང་སྨན་པའི་གན་རྒྱ་འཇོག་པའི་ཞབས་ཞུའི་ཚོགས་པ་2371བཙུགས་པ་དང་མི་ཐེངས་ཁྲི་200དང་གན་རྒྱ་བཞག་པ་རེད།
སྡོད་ཁང་ལ་ལེགས་བཅོས་བྱུང་ཞིང་། གྲོང་གསེབ་ཀྱི་སྡོད་ཁང་གི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་མཐུན་སྦྱོར་ལམ་སྲོལ་དང་སྟབས་བསྟུན་ལྟ་ཞིབ་ཚད་ལེན་ལམ་སྲོལ་བཟོས་ཏེ། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་སྡོད་ཁང་ཁྲི་48.1ལ་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་གྲལ་བཤེར་བྱས་པ་དང་། ལོ་གཉིས་བསྟུད་མར་ཁྱོན་ཁ་གསབ་མ་དངུལ་སྒོར་དུང་ཕྱུར་6.4བཏང་སྟེ་གསར་དུ་ཐོན་པའི་གྲོང་གསེབ་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་དང་ཡོམ་འགོག་སྒྱུར་བཀོད་རྣམ་གྲངས་གཙོ་གནད་ལག་བསྟར་བྱས་ནས། གྲོང་གསེབ་སྡོད་ཁང་གི་བདེ་འཇགས་ཀྱི་ཉེན་ཁ་ཚབས་ཆེན་དང་མི་མངོན་པའི་རྐྱེན་ངན་ཕྱོགས་ཡོངས་ནས་བསལ་བས་ལྗོངས་ཡོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་ཆ་རྐྱེན་སྔར་བས་ལེགས་སུ་ཕྱིན་ཡོད་པ་རེད།
འཐུང་ཆུའི་བདེ་འཇགས་ཀྱི་འགན་ལེན་ལེགས་སུ་ཕྱིན་ཞིང་། མཐོ་གྲང་འབྲོག་ཁུལ་གྱི་དུས་ཚིགས་རང་བཞིན་གྱི་ཆུ་མཁོ་འདོན་དཀའ་བའི་གནད་དོན་ལ་དམིགས་ནས། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་གནད་དོན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་དང་། ལོ་ཧྲིལ་པོར་སྒོར་དུང་ཕྱུར་1.51བཏང་ནས་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ལས་གྲྭ་4894ཉམས་གསོ་དང་བདག་སྐྱོང་བྱས་པ་ལས་མང་ཚོགས་ཁྲི་107.94ལ་ཕན་པ་ཐོབ་ཡོད། ལྗོངས་ཡོངས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པ་དང་འབྲེལ་མི་འབོར་ཁྲི་35.07ལ་སྐབས་འཕྲལ་དུ་ཆུ་ཡང་ཡང་མཁོ་འདོན་བྱེད་དགོས་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་པ་ལས་དབུལ་སྒྲོལ་མི་འབོར་ཁྲི་7.55ཡོད་པ་རེད།
གཙོ་གནད་མཐུད་རྒྱུག——
དར་རྒྱས་ཆེན་པོ་ལྔ་ལ་དམིགས་ནས་རྣམ་པ་གསར་པ་བཏོད་པ།
2021ལོར་རང་ལྗོངས་ཀྱིས“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་ལེན་བསྟར་ཏེ། མཐའ་ཚད་སྲུང་བ་དང་། འབྲེལ་མཐུད་ལ་དམ་འཛིན། དར་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་སྔོན་ལ་འཆར་འགོད་དང་། རིགས་དབྱེ་ཇུས་བསྟར་དང་དཔེ་སྟོན་སྐུལ་ཁྲིད། ཡུལ་བབ་དང་བསྟུན་པ་དང་སྐུལ་འདེད་བརྟན་པོ་གཏོང་བ་བཅས་མཐའ་འཁྱོངས། སྲིད་ཇུས་ལ་བརྟེན་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། མ་དངུལ་སྤྱི་འདོམས་བསྡུ་སྒྲིལ་བཅས་བྱས་ཏེ། “བསམ་ཇུས་གཅིག་དང་གཞི་གཅིག་ཅན”ལ་བརྟེན་ནས་གྲོང་གསེབ་འཛུགས་སྐྲུན་དང་། གྲོང་གསེབ་བཅོས་སྐྱོང་། གྲོང་གསེབ་ཀྱི་སྤྱི་ཚོགས་བྱ་གཞག་འཕེལ་རྒྱས་བཅས་ལ་སྐུལ་འདེད་ཏན་ཏིག་བཏང་བ་རེད།
ཐོན་ལས་དང་ལས་ཞུགས་ལ་བརྟེན་ནས་དར་རྒྱས་ཀྱི་ནུས་པ་ཆེ་རུ་བཏང་ཞིང་། “ས་ཁུལ་བཞི་དང་བགྲོད་ལམ་གཅིག”ལ་དམིགས་ནས་འདེབས་གསོའི་ལས་རིགས་དང་། རིག་གནས་ཡུལ་སྐོར་ལས་རིགས། མི་རིགས་ལག་ཤེས་ལས་རིགས་སོགས་ས་མཐོའི་ཁྱད་ལྡན་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་བཏང་ནས་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་བ་དང་། རོགས་སྐྱོར་རྣམ་གྲངས་ཀྱི་རྒྱུ་ནོར་ལ་ལྟ་འདོམས་བྱེད་ཤུགས་ཆེ་རུ་བཏང་སྟེ་དབུལ་སྐྱོར་ཐོན་ལས་ཀྱི་རིམ་པ་སྤར་བ་རེད། དབུལ་སྒྲོལ་མི་འབོར་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་སྒོར་12082.5ཟིན་པའི་ནང་། མི་རེའི་ཆ་སྙོམས་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་3184.5ཟིན་པ་དེས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་ཀྱི་26.36%བཟུང་བ་དང་དུས་མཚུངས་ལས་31%འཕར་ཡོད། དབུལ་སྒྲོལ་མི་འབོར་ཕྱིར་གླ་པར་སྐྱོད་མཁན་ཁྲི་20.4ཟིན་པ་དང་། མི་རེའི་ཆ་སྙོམས་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་6081.7ཟིན་པ་དེས་མི་རེའི་ཆ་སྙོམས་ཁེ་གཙང་ཡོང་འབབ་ཀྱི་50.33%བཟུང་བ་དང་དུས་མཚུངས་ལས་16%འཕར་ཡོད། ལྗོངས་ཡོངས་སུ་གྲོང་གསེབ་ཀྱི་ཡུལ་སྐོར་ལས་ཐད་ཀར་རམ་ཡང་ན་ཞོར་དུ་ལས་ཞུགས་ཐུབ་པའི་ཞིང་འབྲོག་མང་ཚོགས་མི་ཐེངས་ཁྲི་8.6ཟིན་པ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་4300ལྷག་ཙམ་ཟིན་ཡོད།
གྲོང་གསེབ་འཛུགས་སྐྲུན་ལ་བརྟེན་ནས་དར་རྒྱས་ལ་སྐུལ་འདེད་བཏང་ཞིང་། མ་དངུལ་སྒོར་དུང་ཕྱུར་20.48བཀོད་སྒྲིག་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་དཔེ་སྟོན་གྲོང་ཚོ་100སྐྲུན་འགོ་བཙུགས་པ་དང་། མ་དངུལ་སྒོར་དུང་ཕྱུར་40.25བཏང་ནས་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་823ལག་ལེན་བསྟར་བ། གྲོང་གསེབ་ཀྱི་གསང་སྤྱོད་སྣ་ཚོགས་ཁྲི་27.8ལ་གྲལ་བཤེར་བྱས་པ་དང་སྡོད་ཁང་ཁྲི་4.66ལ་སྒྱུར་བཀོད་བྱས་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ཞིང་། མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་624ཚང་མ་བསྐྲུན་ཟིན་པ་དང་། ས་མཐའི་གྲོང་ཚོ་51འཛུགས་སྐྲུན་བྱེད་འགོ་བཙུགས་པ། ས་མཐའི་གྲོང་ཚོ་120གསར་སྐྲུན་གྱི་འཆར་འགོད་བྱས་པ། གྲོང་གསེབ་དར་རྒྱས་ལ་བརྟེན་ནས་མཐའ་སྲུང་མཐའ་བརྟན་བཏང་བ་དང་མཐའ་དར་དམངས་ཕྱུག་ལ་སྐུལ་འདེད་བཏང་བར་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད།
འགན་འཁུར་རྩོམ་སྒྲིག་པ། 索朗旺堆
བོད་ལྗོངས་ཉིན་རེའི་ཚགས་པར་གྱི་པར་དབང་རང་བདག་ཡིན་པས་གན་རྒྱ་དང་དབང་ཆ་སྤྲད་མེད་ཚེ་དྲ་ཐོག་ནས་ཕབ་མི་ཆོག
སྡོད་གནས། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་རྡོ་སེང་གེ་ལམ་སྒོ་ཨང་༣༦ སྦྲག་ཨང། ༨༥༠༠༠༠ ཁ་པར། ༠༨༩༡-༦༣༣༡༠༨༩ བརྙན་སྐྱེལ། ༠༨༩༡-༦༣༣༡༠༨༩
བཟོ་མཁན་ལས་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་ཚུགས།
ཐོ་བདག་ཨང་། བོད་ICPཐོ་ཨང་༠༩༠༠༠༧༣༣