དབུ་ཤོག>ཞིང་འབྲོག་གསར་པ།
  • ན་ནིང་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་བརྟན་ཐོག་ཡར་འཕེལ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-18

    ཉེ་ཆར། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོར་ལྗོངས་ཡོངས་ཀྱི་ཞིང་ལས་དང་གྲོང་གསེབ་ལས་དོན་ཐད་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་བཟང་པོ་ཞིག་མངོན་ཡོད་པ་རེད། ལྗོངས་ཡོངས་ཀྱི་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་16935ཟིན་པ་དེ་དུས་མཚུངས་ལས་16%འཕར་བ་དང་འཕར་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས་5.5ཡིས་མཐོ་བ་ཡོད་པ་རེད། ལྗོངས་ཡོངས་ཀྱི་ནས་དང་། སྔོ་ཚལ། ཤ འོ་མ་བཅས་ཀྱི་ཐོན་འབབ་ཡག་པོ་བྱུང་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    གསར་འགོད་པར་ཤེས་རྟོགས་བྱུང་བར། 2021ལོར་རང་ལྗོངས་ཀྱི་ཞིང་ཕྱུགས་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་ཐོན་རྫས་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་63.57ཟིན་པ་དེ་དུས་མཚུངས་ལས་11.5%འཕར་བ་དང་། ཞིང་ཕྱུགས་ཐོན་ཟོག་ལས་སྣོན་བྱེད་ཚད་20%ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆའི་གྲངས་5འཕར་བ། ལྗོངས་ཡོངས་ཀྱི་འབྲུ་རིགས་འདེབས་ཁྱོན་དང་། ཐོན་འབོར། མུའུ་རེའི་ཐོན་ཚད་བཅས“འཕར་སྣོན་གསུམ”བྱུང་བ། རྨོ་ཞིང་མུའུ་ཁྲི་200ཡི་སྤུས་ཚད་མཐོ་རུ་གཏོང་བའི་ལས་འགན་ལེགས་སྒྲུབ་ཟིན་ནས་ཞིང་ལས་ལོ་ཏོག་རྨོ་འདེབས་བསྡུ་གསུམ་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་66.1%ཟིན་པ། ཕྱུགས་རིགས་མགོ་གྲངས་ཁྲི་440.08བཤས་བཏང་བ་དང་། ལག་ཡོད་ཕྱུགས་རིགས་མགོ་གྲངས་ཁྲི་1692.52ཟིན་པ། ཞིང་ལས་ཐོན་སྐྱེད་ཀྱི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་1.28གཤམ་སྤྲོད་བྱས་པ་དང་ལྗོངས་ཡོངས་སུ་གེགས་འགོག་གཟན་རྩྭ་ཏུན་ཁྲི་108གྲབས་གསོག་བྱས་ཡོད་པ་རེད།

    དེ་དང་ཆབས་ཅིག་རང་ལྗོངས་ཀྱི་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ལས་ཀྱི་རྟེན་གཞི་ཆེན་པོ་བཅུའི་འཛུགས་སྐྲུན་འཕེལ་རིམ་བདེ་བླག་བྱུང་ཡོད། རྒྱལ་ཁབ་རིམ་པ་དང་རང་སྐྱོང་ལྗོངས་རིམ་པའི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་4དང་14སོ་སོར་མང་དུ་ཕྱིན་ནས་རིམ་ཁག་སྣེ་འདྲེན་ཁེ་ལས་ཀྱི་སྤྱི་འབོར་165ཟིན་པ་དང་། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་12740དང་ཁྱིམ་ཚང་གི་ཞིང་ར་དང་འབྲོག་ར་9703ཡོད་པ། ཞིང་ལས་ཐོན་རྫས་འགྲོ་རྒྱུག་མ་ལག་འཛུགས་འགོ་བཙུགས་པ་དང་། ཚོང་འགུགས་མ་འདྲེན་རྣམ་གྲངས་20གན་རྒྱ་བཞག་པ་དེའི་དངུལ་འབོར་སྒོར་དུང་ཕྱུར་15.55ཟིན་ཡོད། མིག་སྔར་རྣམ་གྲངས་12དངོས་སུ་ལག་བསྟར་བྱེད་འགོ་ཚུགས་ཡོད། མིག་སྔའི་བར་རང་ལྗོངས་སུ་རྒྱལ་ཡོངས་ཀྱི“གྲོང་ཚོ་རེར་སྤུས་རྟགས་རེ་ཡོད་པ་བྱེད་པའི”དཔེ་སྟོན་གྲོང་ཚོ་དང་གྲོང་རྡལ་52དང་ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ་27ཟིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 尼玛曲珍

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།