དབུ་ཤོག>ཞིང་འབྲོག་གསར་པ།
  • གཞིས་རྩེ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་སྐོར་གྱི་མཐོང་ཐོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-05

    གཞིས་རྩེ་གྲོང་ཁྱེར་ཁྲོམ་ར་ལྟ་འདོམས་སྡེ་ཚན་གྱིས་ཁྲིམས་ལྟར་ཐོ་འགོད་བྱས་པའི་མཉམ་ལས་ཁང་ཁྱོན་5363ཡོད་པར་རིམ་རྩིས་བྱས་ན་གཉེར་སྐྱོང་ཡོང་འབབ་སྒོར་དུང་ཕྱུར་62.35བྱུང་བ་དང་། ཁེ་སྤོགས་སྒོར་དུང་ཕྱུར་6.06བྱུང་བ། མཉམ་ལས་ཁང་དུ་སློབ་གྲྭ་ཆེ་མོ་བ་341ལས་ཞུགས(ལས་གཏོད)ཐུབ་ནས་ཞིང་འབྲོག་ཁུལ་གྱི་གྲོང་གསེབ་དར་རྒྱས་གཏོང་བར་སྐུལ་འདེད་བཏང་ཡོད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་དང་རིམ་སྤོར་གྱི་ལས་དོན་ལ་མཐོང་ཆེན་བྱས་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་འཕེལ་རྒྱས་གཏོང་རྒྱུ་དེ་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། ཞིང་འབྲོག་ཁུལ་གྱི་ཐོན་ལས་རིམ་སྤོར་བྱེད་པ། གྲོང་གསེབ་དར་རྒྱས་ལ་སྐུལ་འདེད་གཏོང་བ། མང་ཚོགས་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་བ་བཅས་ཀྱི་ཐབས་ལམ་གལ་ཆེན་དུ་བརྩིས་ཏེ་དྲིལ་བསྒྲགས་སྐུལ་སློང་ཤུགས་ཆེན་དང་མཉམ་ལས་ཁང་འཕེལ་རྒྱས་དང་སྟོབས་ཆེར་བཏང་བས། གྲོང་ཁྱེར་ཡོངས་ཀྱི་མཉམ་ལས་ཁང་འཕེལ་རྒྱས་ཀྱི་སྤུས་ཚད་དང་། ཞབས་ཞུའི་ནུས་པ། ཕྱོགས་བསྡུས་ཕན་འབྲས་སོགས་ཐད་ཡར་རྒྱས་མྱུར་པོ་བྱུང་བ་མ་ཟད། གྲོང་གསེབ་ཀྱི་གཞི་རྩའི་གཉེར་སྐྱོང་ལམ་ལུགས་གསར་གཏོད་དང་། གཞི་རིམ་གྱི་རྩ་འཛུགས་སྟོབས་ཆེར་གཏོང་བ། གཞི་རིམ་གྱི་སྲིད་དབང་བརྟན་དུ་གཏོང་བ། གཞི་རིམ་བཅོས་སྐྱོང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་རམ་འདེགས་བྱེད་པ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་ཡོད།

    ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས། གཉིས་ཁེ་གཉིས་ཕན་གྱིས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

    བསམ་གྲུབ་རྩེ་ཆུས་ཉི་རི་གཞུང་ཤང་མཉམ་ལས་མཉམ་འབྲེལ་ཁང་ནི་ནས་ཀྱི་ས་བོན་འདེབས་འཛུགས་ཕྱིར་ཚོང་དང་ཞིང་འཕྲུལ་ལས་སྒྲུབ་ཞབས་ཞུ་དང་། སྔོ་ཚལ་འདེབས་འཛུགས་ཕྱིར་ཚོང་། བཞོན་མ་གསོ་ཚགས། སྐྱེད་ཚལ་སྔོ་འགྱུར། ཞིང་ལས་རྣམ་གྲངས་ཆུང་གྲས་ཀྱི་འཛུགས་སྐྲུན་བཅས་ལ་ཁྱབ་པའི་ཕྱོགས་བསྡུས་མཉམ་ལས་ཁང་ཞིག་རེད།

    ཉེ་བའི་ལོ་ཤས་རིང་ཤང་དེའི་ཁོངས་གཏོགས་ཀྱི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་8ཚང་མ་མཉམ་ལས་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་མིར་འཕེལ་རྒྱས་བཏང་ནས་མཉམ་འབྲེལ་ཏང་ཀྲི་པུའུ་བཙུགས་ཏེ“མཉམ་འབྲེལ་ཏང་ཀྲི་པུའུ་དང་། གྲོང་ཚོའི‘ཨུ་ལྷན་གཉིས’ མཉམ་ལས་ཁང་། ཞིང་དུད”བཅས་ཟུང་འབྲེལ་གྱི་དོ་དམ་བྱེད་སྟངས་སྤྱད་དེ་ཏང་ཡོན་རྣམས་ཐོན་ལས་འཁོར་འབྲེལ་ཐོག་གཅིག་སྡུད་བྱས་ནས་མང་ཚོགས་དབུལ་པོ་ཐོན་ལས་འཁོར་འབྲེལ་དུ་ཕྱུག་པོ་ཆགས་པ་བྱས་ཡོད། མིག་སྔར་མཉམ་ལས་ཁང་ལ་ས་བོན་གཙང་འདེམས་འཕྲུལ་ཆས་དང་། ས་བོན་སྨན་སྦྱོར་འཕྲུལ་ཆས། ལྡུག་འཁོར། རྐོ་འདྲུའི་འཕྲུལ་འཁོར་སོགས་འཕྲུལ་ཆས་ཆེ་ཆུང་60ཡོད་པར་ཁྱོན་མ་རྩ་སྒོར་ཁྲི་650ཟིན་པ་དང་། མང་ཚོགས་400ལྷག་ཙམ་ཕྱིར་གླ་པར་བསྐྱོད་ནས་ལས་ཞུགས་ལ་སྐུལ་ཁྲིད་བྱས་པར་ལོ་རེར་མི་རེར་ཆ་སྙོམས་ཡོང་འབབ་སྒོར་6000བྱུང་ཡོད་པ་རེད།

    བསྡོམས་རྩིས་བྱས་པར་གཞིགས་ན། མིག་སྔར་གཞིས་རྩེ་གྲོང་ཁྱེར་དུ་ཏང་ཀྲི་པུའུ་ཡི་མཉམ་ལས་ཁང་519དང་། བྱེད་ནུས་རྣམ་པའི་ཏང་རྩ་འཛུགས་ཀྱི་མཉམ་ལས་ཁང་58 ཏང་གི་ཚོགས་ཆུང་གི་མཉམ་ལས་ཁང་884བཅས་ཡོད་པ་དང་། ཞིང་འབྲོག་མང་ཚོགས་ཁྲི་45.87ལྷག་ཙམ་མཉམ་ལས་ཁང་གི་འཕེལ་རྒྱས་དང་ཐོན་སྐྱེད་ནང་ཞུགས་སུ་བཅུག་པས“100%ལྔ”ཡི་བླང་བྱ་ཕྱོགས་ཡོངས་ལ་ཁྱབ་ཡོད།

    འདི་ལོ་ནས་བཟུང་གཞིས་རྩེ་གྲོང་ཁྱེར་གྱི་རྒྱ་ཆེའི་གཞི་རིམ་ཏང་ཡོན་ལས་བྱེད་པས་དུད་ཚང་དུ་བསྐྱོད་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ་སྒྲིག་ཡིག་འཆར་ཟིན་འགོད་པ་དང་། ཐོ་འགོད་ལ་མཛུབ་ཁྲིད་བྱེད་པ། རྗེས་འདེད་དོ་དམ་བཅས་བྱེད་རོགས་བྱས་ཏེ་མང་ཚོགས་རང་མོས་ངང་མཉམ་ལས་ཁང་དུ་ཞུགས་པ་དང་མཉམ་འབྲེལ་འཕེལ་རྒྱས་གཏོང་རྒྱུར་ཁྲིད་སྟོན་བྱས་པ་དང་། གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ(གྲོང་ལྷན)ཨུ་ལྷན་གྱི་ཀྲུའུ་རེན་གྱིས་མཉམ་ལས་ཁང་གཉེར་བ་དང་འབྲེལ་མཉམ་ལས་ཁང་དུ་དོ་དམ་གྱི་ལས་འགན་གཅིག་ལྕོགས་འཁུར་རྒྱུའི་ཁྲིད་སྟོན་བྱས་ནས་ཞིང་འབྲོག་ཁུལ་གྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་སྟངས་ལ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

    བརྟག་ཞིབ་བྱེད་ཤུགས་ཆེ་རུ་བཏང་། ཚད་ལྡན་དང་རིམ་སྤོར་བྱས་ནས་དཀའ་གནད་བསལ།

    ན་ནིང་ལོ་འགོར་གཞིས་རྩེ་གྲོང་ཁྱེར་གྱི་འབྲེལ་ཡོད་སྡེ་ཚན་གྱིས་མཉམ་འབྲེལ་བརྟག་ཞིབ་ཚོགས་ཆུང་བཙུགས་ཏེ། “ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་དང་རིམ་སྤོར་བྱ་རྒྱུ”ཆེད་དོན་དུ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་རྫོང་དང་ཆུས་18ཀྱི་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་117དུ་བསྐྱོད་པ་དང་། ས་ཆ་དངོས་སུ་ལྟ་ཞིབ་དང་། མང་ཚོགས་ལ་བཅར་འདྲི། དཔྱད་ཡིག་ལྟ་བ། བཞུགས་མོལ་སྤེལ་རེས་སོགས་ཀྱི་བྱེད་ཐབས་སྤྱད་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་བྱས་ཤིང་། གྲལ་བཤེར་བྱས་པ་བརྒྱུད་གྲོང་ཁྱེར་ཡོངས་ཀྱི་མཉམ་ལས་ཁང་1228ཟླ་སྒྲིལ་བསྐྱར་སྒྲིག་གམ་ཡང་ན་གཙང་བཤེར་དང་ཐོ་ཁོངས་ནས་སུབ་དགོས་པ་དང་། གཉེར་སྐྱོང་ཡག་པོ་མ་བྱུང་བ་དང་ཞིང་པའི་ཁོངས་མི་ཞུགས་མེད་པ། དོན་དངོས་གཉེར་སྐྱོང་བྱས་མེད་པ་བཅས་ཀྱི་མཉམ་ལས་ཁང་788ཐོ་ཁོངས་ནས་སུབ་ཟིན་པ་དང་། མཉམ་ལས་ཁང་900ལྷག་ཙམ་ཟླ་སྒྲིལ་བསྐྱར་སྒྲིག་བྱེད་རྒྱུར་མཛུབ་ཁྲིད་བྱས་པ་རེད།

    གཞིས་རྩེ་གྲོང་ཁྱེར་གྱིས་ད་དུང《ཞིང་འབྲོག་ཁུལ་གྱི་ཐོན་ལས་གསར་བརྗེར་སྐུལ་འདེད་གཏིང་ཟབ་བཏང་ནས་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ཚད་ལྡན་དང་རིམ་སྤོར་གྱི་ལོ་གསུམ་འགག་སྒྲོལ་བྱ་སྤྱོད་ཚད་ལྡན་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》དང《2021ལོའི་ཚད་ལྡན་དང་རིམ་སྤོར་ལས་དོན་གྱི་གཙོ་གནད》བཟོས་ནས་གཤམ་སྤྲོད་བྱས་པ་དང་། བོད་རྒྱ་ཡིག་རིགས་གཉིས་ཀྱི་དཔར་མའི《མཉམ་ལས་ཁང་གི་བཅའ་ཁྲིམས》དང《དཔེ་སྟོན་སྒྲིག་ཡིག》དང་དེ་བཞིན《གསོ་ཚགས་ཀྱི་ཉེར་སྤྱོད་ལག་རྩལ་མཛུབ་ཁྲིད་ལག་དེབ》སྒྲིག་བཟོ་བྱས་ནས་བཀྲམ་སྟེ་མཉམ་ལས་ཁང་གི་ཚད་ལྡན་དོ་དམ་དང་ཚན་རིག་དང་མཐུན་པའི་གསོ་ཚགས་ལ་མཛུབ་ཁྲིད་བྱས་པ་རེད།

    གྲོང་ཁྱེར་ཡོངས་སུ་མཉམ་ལས་ཁང་གི་ཟུར་ཁྲིད་པའི་དཔུང་ཁག་བཙུགས་པ་དང་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པ་གསུམ་ལ་ཟུར་ཁྲིད་པ་611བཀོད་སྒྲིག་བྱས་ནས་མཉམ་ལས་ཁང་གི་ཞབས་ཞུའི་མཛུབ་ཁྲིད་ལས་དོན་གྱི་འགན་འཁུར་ཡོད་པ་རེད།

    ཤེས་ལྡན་མི་སྣས་རམ་འདེགས་བྱས། འཇོན་ཐང་ཅན་གྱི་སྐུལ་ཁྲིད་ཀྱི་ཕན་འབྲས་བཟང་།

    རིན་སྤུངས་རྫོང་བདེ་སྐྱིད་གླིང་གྲོང་རྡལ་ཨེ་མ་གྲོང་ཚོ་ནི་རྫོང་གྲོང་དང་བར་ཐག་སྤྱི་ལེ་20ཙམ་ཡོད་པ་དང་། དེ་གར་མི་འབོར་མང་ལ་ས་རྒྱ་ཆུང་བ་དང་རི་བོ་མཐོ་ལ་གཡང་གཟར་བས་རང་བྱུང་ཐོན་ཁུངས་དང་ས་ཁམས་ཀྱི་ལེགས་ཆ་མངོན་གསལ་དོད་པོ་མེད།

    2012ལོར་ཨེ་མ་གྲོང་ཚོའི་ཏང་ཡོན་དཀོན་མཆོག་གིས་བོད་ཕག་གསོ་ཚགས་བྱས་པ་དང་མང་ཚོགས་དེ་བས་མང་བ་དང་ལྷག་པར་དུ་དུད་ཚང་དབུལ་པོའི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་ཆེད། དཀོན་མཆོག་གིས་དུད་ཚང་མང་པོར་བསྐྱོད་དེ་མང་ཚོགས་ཚོ་ཁོང་གི་མཉམ་ལས་ཁང་ལ་ཞུགས་རྒྱུའི་སྐུལ་སློང་བྱས་པ་དང་འབྲེལ། བོད་ཕག་དང་། ལག་རྩལ། མ་དངུལ་བཅས་ཀྱི་རོགས་སྐྱོར་བྱས་པ་བརྒྱུད་དུད་ཚང་དབུལ་པོ་མཉམ་ལས་ཁང་ལ་ཞུགས་པའི་ཧུར་བརྩོན་རང་བཞིན་ཆེ་རུ་ཕྱིན་པ་རེད།

    ད་ཆ་ཨེ་མ་གྲོང་ཚོའི་བོད་ཕག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་དེ་སྔའི་བོད་ཕག་3ནས་ད་ལྟའི་200ཙམ་བར་འཕེལ་རྒྱས་ཕྱིན་པ་དང་གསོ་ཚགས་རྟེན་གཞིའི་རྒྱ་ཁྱོན་སྨི་ངོས་གྲུ་3500ཟིན་པ་དང་ཕག་ཚང་11ཡོད་པ་རེད། 2020ལོ་ཁོ་ནར་མཉམ་ལས་ཁང་གི་གཉེར་སྐྱོང་ཡོང་འབབ་སྒོར་ཁྲི་24དང་ཡོང་འབབ་ཁེ་གཙང་སྒོར་ཁྲི་10.2ཟིན་ནས་མི་15ལ་ཁེ་སྤོགས་བགོ་འགྲེམས་བྱས་པ་སྒོར་ཁྲི་0.95ཟིན་ཡོད་པ་རེད།

    གྲོང་གསེབ་དར་རྒྱས་གཏོང་བར་འགག་རྩ་ནི་ཤེས་ལྡན་མི་སྣར་ཐུག་ཡོད། གཞིས་རྩེ་གྲོང་ཁྱེར་གྱིས“འཇོན་ཐང་ཅན་དང་། མཉམ་ལས་ཁང་། རྟེན་གཞི། ཞིང་དུད”བཅས་ཟུང་འབྲེལ་གྱི་ཐོན་ལས་འཕེལ་རྒྱས་ཐབས་ལམ་བརྒྱུད་གྲོང་གསེབ་ཀྱི་ཕྱུག་འགྱུར་སྣེ་ཁྲིད་པ་གསོ་སྐྱོང་ཤུགས་ཆེན་བྱས་ནས། མང་ཚོགས་དབུལ་པོའི་སྣེ་ཁྲིད་དེ“ཕུ་ཐུང་བརྫེས་ནས་ངར་ཤུགས་སྒྲིམས་པ”དང་ཕྱར་བ་གྲུ་འདེགས་ངང་དབུལ་པོ་འབྱུང་རྩ་ནས་བཀག་འགོག་བྱེད་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། 索朗旺堆

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།