དབུ་ཤོག>ཞིང་འབྲོག་གསར་པ།
  • སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཚོད་ལྟའི་ངང་གཉེར་སྐྱོང་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2022-02-01

    ཉེ་ཆར། ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་དངོས་སུ་ཚོད་ལྟའི་ངང་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད།

    རྒན་གཅེས་རྒན་བཀུར་ནི་སྔར་ནས་བཟུང་ང་ཚོ་ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཞིག་དང་། རྒས་དུས་འཚོ་རྟེན་ཡོད་པ་ནི་དམངས་འཚོའི་ཐབས་ཇུས་གལ་ཆེན་ཞིག་རེད། རྒན་རྒོན་གྱི་བདེ་རྩ་ཆེ་རུ་བཏང་ནས་རྒན་རྒོན་ཚོ་ཚེ་མཇུག་བདེ་སྐྱིད་ལྡན་པ་ཞིག་ཡོང་ཆེད། སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱས་པ་རེད། ལྷ་ས་གྲོང་ཁྱེར་དམངས་སྲིད་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ལས་གཉེར་བྱེད་འགོ་ཚུགས་པ་དེ་ཐོག་ནས་སྣེའུ་ཁུལ་གསར་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་ཚོར་བྱེད་སྒོ་སྤེལ་ཡུལ་དང་སྤེལ་རེས་བྱ་ཡུལ་ཡོད་པ་མཚོན་པ་དང་། རྒས་དུས་འཚོ་རྟེན་ཡོད་པ་མ་ཟད་རྒས་དུས་སྐྱིད་སྣང་དོད་པོ་ཡོང་བ་བྱས་པ་དེ་ཐོག་ནས་ཏང་དང་སྲིད་གཞུང་གིས་རྒན་རྒོན་ཚོར་ཐུགས་ཁུར་གནང་བ་གང་ལེགས་མཚོན་གྱི་ཡོད། སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱིས་རྒན་རྒོན་ཚོར་འཚོ་བའི་དགའ་ཚལ་སྐྱིད་པོ་ཞིག་གཏོད་པ་དང་ཆབས་ཅིག དེ་ནི་རྒན་རྒོན་ཚོའི་བསམ་པའི་ཉམས་འགྱུར་ངོམ་སའི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒན་རྒོན་ཚོར་རྣམ་ཀུན་ནས་བདེ་ཐང་དང་སྤྲོ་སྣང་ལྡན་པར་བྱས་ནས་རྒྱ་ཆེའི་རྒན་རྒོན་ཚོ་དེ་གར་ཚེ་མཇུག་བདེ་ལ་རོལ་ཐུབ་པ་བྱ་རྒྱུ་རེད།

    སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་ཀྱི་འགན་འཁུར་བ་ཚེ་སྒྲོན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། ལྟེ་གནས་དེ་སྣེའུ་ཁུལ་གསར་སྣེའུ་གྲོང་ཚོའི་ཤང་ཁྲུང་ཁུལ་ཆུང་དུ་གནས་ཤིང་། རྒྱ་ཁྱོན་སྨི་ངོས་གྲུ་1395.45ཟིན་པ་དང་། ལྟེ་གནས་ལ་ཐོག་སོ་གསུམ་ཡོད་པ། འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་1316.57ཟིན་གྱི་ཡོད། སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་སྐྱོད་སྐབས་ལྟེ་གནས་ཀྱི་ནང་དུ་རྩལ་ནུས་མཐོར་གཏོང་ཁང་དང་། དྲག་སྐྱེད་སྦྱོང་བརྡར་ཁང་། མིག་མངས་རོལ་རྩེད་ཁང་། དཔེ་དེབ་ལྟ་ཀློག་ཁང་། ངལ་གསོ་ཁང་སོགས་བྱེད་སྒོ་སྤེལ་ཡུལ་20ལྷག་ཙམ་ཡོད་པ་རེད། ཚེ་སྒྲོལ་གྱིས“ལྟེ་གནས་དེ་གཉེར་སྐྱོང་བྱས་རྗེས། སློབ་ཚན་བཀོད་སྒྲིག་དང་སྤྱི་ཚོགས་ཞབས་ཞུ་ཟུང་འབྲེལ་གྱི་རྣམ་པའི་ཐོག་ནས་ལྟེ་གནས་ཀྱི་རྒན་རྒོན་ལ་སེམས་གསོ་གཏོང་བའི་སྤུས་ལེགས་ཀྱི་ཞབས་ཞུ་དང་འཚོ་བར་ལྟ་རྟོག་གི་ཞབས་ཞུ་བསྒྲུབས་ཏེ་འཚོ་བ་དང་། རོལ་རྩེད། བདེ་ཐང་སླར་གསོ། བཟའ་བཏུང་ཞབས་ཞུ་བཅས་ཐད་ཀྱི་སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་དགོས་མཁོ་བསྐངས་ནས་ཁོངས་གཏོགས་ཁུལ་གྱི་རྒན་རྒོན་གྱི་སྐྱིད་སྣང་དང་ཐོབ་སྣང་ཆེ་རུ་གཏོང་རྒྱུ་ཡིན། ང་ཚོའི་ལྟེ་གནས་དེ་སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཁྱིམ་ཚང་གཉིས་པར་འགྱུར་རྒྱུའི་རེ་བ་ཡོད”ཅེས་བཤད།

    ཉིན་དེར་རྒན་རྒོན་30ལྷག་ཙམ་གྱིས་ལྟེ་གནས་དེར་ཁྲག་ཤེད་དང་ཁྲག་མངར་འཕར་ཡོད་མེད་བལྟས་པ་དང་། སྨན་བཅོས་འཕྲུལ་ཆས་ཚོད་ལྟའི་བེད་སྤྱོད་བྱས་པ། རོལ་རྩེད་སོགས་སྤུས་ལེགས་ཞབས་ཞུ་རབ་དང་རིམ་པ་རིན་མ་དགོས་པར་ཉམས་ལེན་བྱས་པ་རེད། “ང་ཆུ་ཤུར་གྱི་ལུང་ཁུག་ཅིག་ནས་སྣེའུ་ཁུལ་གསར་དུ་སྤོས་ཡོང་བ་ཡིན། ད་ཆ་ཀྲུའུ་ཞི་ཞི་ཅིན་ཕིང་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་བྱམས་བརྩེའི་ཐུགས་ཁུར་འོག ང་ཚོ་རྒན་རྒོན་ཚོས་རང་ཁྱིམ་གྱི་སྒོ་འགྲམ་ནས་སེམས་རྩ་འཁོལ་བའི་སྤུས་ལེགས་ཞབས་ཞུ་འདི་ལྟ་བུ་ལོངས་སྤྱོད་ཐུབ་པས་ང་ཚོའི་ཚེ་མཇུག་ལ་སྤྲོ་སྣང་མང་པོ་སྦྱིན་བྱུང”ཞེས་འདི་ལོ་ལོ་87ལ་སླེབས་པའི་དོན་གྲུབ་ཚེ་རིང་གིས་སྣེའུ་ཁུལ་གསར་གྱི་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ་འཁྲབ་སྟོན་ལ་ལྟ་སྐབས་དགའ་ཚོར་ཆེན་པོའི་ངང་བཤད། 

    འགན་འཁུར་རྩོམ་སྒྲིག་པ། 次旦多吉

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།